ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡིས་བོད་སྨན་ཚད་ལྡན་མ་ལག་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་།
2019.10.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

ཉེ་ཆར་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་བཞིའི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་ཆེད་མཁས་པ་གྲགས་ཅན་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་སྨན་ཚད་གཞི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ལྷ་ས་རུ་འཚོགས་ནས། ཐུན་མོང་ཐོག་བོད་སྨན་གྱི་ཚད་ལྡན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།

བོད་ལུགས་གསོ་རིག་ནི་རང་རྒྱལ་གྱི་མི་རིགས་རིག་གནས་ཀྱི་ཐོན་ཁུངས་ཕུལ་དུ་བྱུང་བ་ཞིག་དང་བོད་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་པས། ད་ལྟའི་བར་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་པས་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ནུས་པ་གལ་ཆེན་འདོན་བཞིན་ཡོད།

“ང་ཚོས་ཚོགས་འདུའི་སྟེང་《ལས་རིགས་བོད་སྨན་ཚད་གཞིའི་པར་གཞི་གོ་ལྔ》ལ་ཆེད་མཁས་པས་དཔྱད་བརྗོད་བྱས་པ་དང་། སླད་ཕྱིན་ང་ཚོས་རྣམ་གྲངས་མཉམ་ལས་དང་ལག་རྩལ་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་སྨན་རྫས་སྤུས་ཚད་ཚད་གཞི་མགྱོགས་མྱུར་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ”ཅེས་ཀྲུང་གོ་ཟས་རིགས་དང་སྨན་རྫས་ཞིབ་དཔྱད་གཏན་འབེབས་ཞིབ་འཇུག་གླིང་མི་རིགས་སྨན་རྫས་ཞིབ་དཔྱད་གཏན་འབེབས་སུའོ་ཡི་ཀྲུའུ་རེན་ཀྲེན་ཅན་གྱིས་གསར་འགོད་པར་བཤད།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་འདུའི་སྟེང་《ལས་རིགས་བོད་སྨན་ཚད་གཞིའི་པར་གཞི་གོ་ལྔ》(མཐའ་མའི་མ་ཟིན)གྲོས་བསྡུར་དང་བཟོ་བཅོས་བྱས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་སྨན་ཚད་གཞི་བཟོ་བཅོས་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་སོགས་སྤེལ་རེས་བྱས་ནས། སླད་ཕྱིན་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་སྨན་ཚད་གཞི་འཛུགས་སྐྱོང་ལས་དོན་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་འདུག །

རྩོམ་སྒྲིག་པ། འབྲུག་མོ།