བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་ཁྲོམ་ར་དེ་སྔོན་དཔག་ལྟར་ན་ལོ་མཇུག་སྔོན་ལ་ལས་ནས་ལེགས་འགྲུབ་འབྱུང་རྒྱུ་རེད།
2019.10.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 18

ཉིན་འགའི་སྔོན་ལ་གསར་འགོད་པས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་མ་རྐང་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་ཁྲོམ་ར་སྔོན་དཔག་ལྟར་ན་ལོ་མཇུག་ཏུ་ལས་ནས་འགྲུབ་རྒྱུ་རེད། ཉོ་ཚོང་ཁྲོམ་ར་དེས་བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་དང་། ལུས་ཁམས་བདེ་སྲུང་ཐོན་རྫས། མི་རིགས་ཀྱི་ཁྱད་ལྡན་འགྲེམས་ཚོང་དང་བཀར་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཁྲོམ་ར་ཆེ་གྲས་བསྐྲུན་རྒྱུ་རེད། རྣམ་གྲངས་དངོས་སུ་སྤྱོད་འགོ་བརྩམས་རྗེས་ཉུང་མཐར་ཡང་སྨན་རྫས་ཁེ་ལས་ཆིག་སྟོང་ལྷག་ཙམ་གཅིག་བསྡུས་བྱེད་ཐུབ་པ་མ་ཟད། ཉོ་ཚོང་བྱ་ཡུལ་གསར་པ་མཁོ་འདོན་ཐུབ་ལ།  སྔོན་དཔག་བྱས་ན་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཡན་སྐུལ་ཁྲིད་ཐུབ་པ་དང་རོང་འབྲོག་མང་ཚོགས་མི་ལྔ་སྟོང་ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཐུབ།

བོད་ལྗོངས་རྒྱལ་སྤྱིའི་ཀྲུང་བོད་སྨན་རྫས་ཉོ་ཚོང་བྱ་ཡུལ་དེ་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བཅད་ཁུལ་ཁ་བ་རུ་གནས་ཤིང་། ལྷ་སའི་འཛུགས་སྐྲུན་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ཀྱི་ནུབ་ངོས་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་བཟོ་ལས་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་ནུབ་བྱང་ངོས་སུ་གནས་པ་དང་། ཉེ་འཁོར་ཁྲོམ་རའི་ཁོར་ཡུག་དར་རྒྱས་ཆེ་བ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་སྨན་རྫས་ཉོ་ཚོང་ཁྲོམ་ར་ནི་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་མ་རྐང་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མ་རྐང་འཛུགས་སྐྲུན་གྱི་རྣམ་གྲངས་ཡིན་པ་དང་། རྣམ་གྲངས་དེས་བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་དང་། ལུས་ཁམས་བདེ་སྲུང་དངོས་རྫས། མི་རིགས་ཀྱི་ཁྱད་ཆོས། འགྲེམས་ཚོང་། བཀར་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཀྱི་ཁྲོམ་ར་ཆེ་གྲས་ཤིག་བསྐྲུན་རྩིས་ཡོད། “རྣམ་གྲངས་འཆར་གཞིའི་ཇུས་འགོད་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་ཙམ་ཟིན་པ་དང་། དེ་ལAཁུལ་དངBཁུལ་གྱི་ས་ཁོངས་གཉིས་སུ་དབྱེ་ཡོད།”ཅེས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་མ་རྐང་འཕེལ་རྒྱས་ཚད་ཡོད་ཀུང་སིའི་རྣམ་གྲངས་འགན་འཛིན་པ་ཧོང་ཁྲང་ཧའེ་ཡིས་དེ་ལྟར་ངོ་སྤྲོད་བྱས།

གསར་སྤེལ་ཁུལ་མ་རྐང་ཀུང་སིའི་ཡུལ་དངོས་ཀྱི་དོ་དམ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་ཁྲོམ་རའི་ཇུས་འགོད་ནི་ལྷ་སའི་གཙུག་ལག་ཁང་ཉེ་འཁོར་ས་ཁོངས་ཀྱི་སྲོལ་རྒྱུན་གྲོང་ཁྱེར་གྱི་ཚོང་ལས་ཁྲོམ་རའི་ཁུལ་ལ་དཔེ་བལྟས་ནས། འཛུགས་སྐྲུན་གྱི་རྣམ་པ་དང་། ཚོང་ལས་ཀྱི་ཁྲོམ་ལམ། བར་སྟོང་གི་རྣམ་པ། ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་འབྲེལ་བ་སོགས་ཀྱི་འཆར་འགོད་ཆ་རྐྱེན་གཞིར་བཟུང་སྟེ། དེང་རབས་ཀྱི་འཛུགས་སྐྲུན་བྱེད་ནུས་དང་། རིག་གནས་ཀྱི་ཁྱད་ཆོས། དཔལ་འབྱོར་ཕན་འབྲས་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་སྒོས་གདམས་པའི་ས་ཁོངས་སུ་ལུགས་མཐུན་ངང་འཆར་འགོད་བྱེད་པ་དེ་ཡིན་ལ། དེ་ནས་བར་སྟོང་སེམས་ཁམས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཚོང་ལས་མྱོང་རོལ་གྱི་མཁའ་དབུགས་དང་སྤྲོ་སྣང་གི་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད་ཟེར།

ཚེས་ཉི་ཤུའི་ཉིན། གསར་འགོད་པ་བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་ཁྲོམ་རའི་རྣམ་གྲངས་ཁུལ་དུ་སོང་བར།  འཛུགས་སྐྲུན་བཟོ་བ་རྣམས་ཀྱིས་ཡན་ལག་ལས་གཞི་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་། དཔེར་ན། ས་ཁོངས་དེའི་ལྗང་འགྱུར་དང་། གཞུང་ལམ་སྲ་འགྱུར། གྱང་ཐོག་ལས་ཀ་བྱེད་པ་སོགས་ལྟ་བུ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ན་ནིང་གི་ཟླ་དགུ་བར་ལས་འགོ་བཙུགས་པ་དང་། མིག་སྔར་ལས་གཞིའི་བསྡོམས་གྲངས་ལས་བརྒྱ་ཆའི་གྱ་ལྔ་ལེགས་གྲུབ་ཟིན་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།

བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་མཁར་གྲོང་གིས་ཁྱད་ལྡན་བོད་ལུགས་གསོ་རིག་དང་། རིག་གནས་ཡུལ་སྐོར། ཚོགས་འགྲེམས་ཆེ་གྲས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཐོན་ལས་གཏོད་རྒྱུ་ཡིན་པ་དང་། དེ་ནི་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་བྱེད་པ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དཔལ་འབྱོར་དང་ཐ་ན་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གསོ་རིག་དང་མི་རིགས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཁྲོད་ཀྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ནུས་པ་ཆེ་རུ་གཏོང་བ་དང་། རང་རྒྱལ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གི་ཐོན་ལས་སྤེལ་རེས་དང་། རིག་གནས་སྤེལ་རེས། ཤེས་ལྡན་མི་སྣའི་བགྲོ་གླེང་བཅས་ལ་ཤུགས་སྣོན་བྱེད་ཐུབ།

མ་རྐང་ཀུང་སིའི་ཡུལ་དངོས་ཀྱི་འགན་འཛིན་པས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་མཁར་གྲོང་དེ་ཕྱོགས་བསྡུས་གཞུང་ལས་ཁུལ་དང་ཚོང་ལས་ཉོ་ཚོང་ཁུལ་གཉིས་སུ་དབྱེ་ཡོད། བྱང་ཁུལ་ནི་ཕྱོགས་བསྡུས་གཞུང་ལས་ཁུལ་ཡིན་ཞིང་། གཙོ་བོ་མཇལ་འཕྲད་གྲོས་མོལ་དང་། གཞུང་སྒྲུབ། དོ་དམ་བཅས་གཞི་གཅིག་ཏུ་བྱས་ཏེ་ཇུས་འགོད་དང་ཆ་འཕྲིན་ཅན་གྱི་ལས་སྟེགས་བཙུགས་ཏེ། ཁྲོམ་ར་ཧྲིལ་པོའི་ལས་སྒོ་གཉེར་སྐྱོང་གི་ལྟེ་བའི་འགག་མཚམས་བསྐྲུན་པ་དང་འབྲེལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ལྷག་པར་དུ་ཁེ་ལས་ཆུང་གྲས་ཀྱི་མ་རྩ་མཉམ་འདྲེས་ཀྱི་ཁག་ཐེག་ལ་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད། ལྷོ་ཁུལ་གྱི་ཚོང་ལས་ཉོ་ཚོང་ཁུལ་དུ་གཙོ་བོ་ཚོགས་པའི་མྱོང་རོལ་དང་། བྲིན་ཚོང་། བཀར་འཇུག་དང་ལས་སྣོན་བཅས་གཞི་གཅིག་ཏུ་བསྡུས་ནས་ཡུལ་སྐོར་གྱི་ངོ་བོར་སྣང་འཇོག་བྱེད་པ་དང་། བརྩེགས་གཉིས་ལངས་གཟུགས་ཀྱི་ཁྲོམ་གཞུང་ཇུས་འགོད་སྤྱད་དེ་ཚོང་ལས་ཀྱི་རིན་ཐང་དང་འཛད་སྤྱོད་མྱོང་རོལ་གྱི་ཚོར་བ་ཇེ་ཟབ་ཏུ་གཏོང་བ་དང་། དུས་མཚུངས་སུ་སྨན་རྫས་རྩ་ཆེན་དང་ཁྱད་ལྡན་ཐོན་རྫས་གྲགས་ཅན་ལ་དངུལ་ཁང་རིམ་པའི་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་ཆོག་པ་རེད།

བོད་ལྗོངས་རྒྱལ་སྤྱིའི་བོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཉོ་ཚོང་མཁར་གྲོང་བསྐྲུན་ནས་སྤྱོད་འགོ་བརྩམས་རྗེས། ཉུང་མཐར་ཡང་སྨན་རྫས་ཁེ་ལས་ཆིག་སྟོང་ལྷག་ཙམ་གཅིག་བསྡུས་བྱེད་ཐུབ་པར་མ་ཟད། ད་དུང་ཉོ་ཚོང་བྱ་ཡུལ་གསར་པ་མཁོ་འདོན་བྱེད་པ་དང་། སྔོན་དཔག་ལྟར་ན་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཡན་སྐུལ་ཁྲིད་ཐུབ་ལ།  རོང་འབྲོག་མང་ཚོགས་མི་ལྔ་སྟོང་ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།