ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་རིམ་པ་ཁག་གི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ལྟ་སྐུལ་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད། ཟླ་བརྒྱད་པའི་ཟླ་མཇུག་བར། རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་ལྟ་སྐུལ་སྒྲིག་གཞིས་རིགས་ཁག་གི་ལྟ་སྐུལ་བྱ་ཡུལ་བསྡོམས་པས་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ཙམ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པས། ལྟ་སྐུལ་བྱས་ཚད་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་བཞི་དྲུག་ཟིན་པ་དང་། ཁྲིམས་ལྟར་གྱོད་གཞི་སུམ་བརྒྱ་དང་གྱ་བཞི་རྩད་ཞིབ་བྱས་ཏེ་དངུལ་ཆད་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་གསུམ་སྟོང་བདུན་སུམ་བརྒྱ་བཏང་བ། ཁྲིམས་འགལ་ངང་ཐོབ་པའི་སྒོར་ཁྲི་དགུ་དང་སྟོང་བཞི་བརྒྱད་བརྒྱ་གཞུང་བཞེས་བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“བདེ་ཐང་མཚོ་སྔོན་གྱིས་ཁྱེད་ལ་སྲུང་སྐྱོབ་བྱེད”པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་ལ་གཙོ་གནད་དོ་ཁུར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་དང་། སྤྱི་པའི་འཕྲོད་བསྟེན། འགོས་ནད་འགོག་བཅོས། སྨན་བཅོས་ཀྱི་ཟོག་རོ་དོ་དམ། འཐུང་ཆུ་དང་འབྲེལ་བའི་ཐོན་རྫས་ཀྱི་འཕྲོད་བསྟེན། འཆར་ལྡན་བུ་སྐྱེའི་ལག་རྩལ་ཞབས་འདེགས། སྨན་བཅོས་ཆ་འཕྲིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག དམངས་གཉེར་སྨན་བཅོས་སྒྲིག་གཞི་ཚད་ལྡན་དོ་དམ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སོགས“བདེ་ཐང་མཚོ་སྔོན་གྱིས་ཁྱེད་ལ་སྲུང་སྐྱོབ་བྱེད”པའི་བྱ་སྤྱོད་རབ་དང་རིམ་པའི་གྲས་སུ་བཅུག་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།