ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལིས་ཅེ་ཞང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོར་འདེགས་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགུལ་སྐྱོད་གལ་ཆེན་དུ་བརྩིས་ནས། རིམ་པ་བཞིའི་ཐུམ་འབུའི་ནད་ཀྱི་ནད་བརྟག་སྨན་བཅོས་མཉམ་འབྲེལ་རྐྱེན་སྲོལ་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་རིམ་པ་བཞིན་གྲུབ་པར་བྱས་པས། གཞི་རིམ་ཐུམ་འབུའི་ནད་ཀྱི་བརྟག་བཅོས་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ལ། ཐུམ་འབུའི་ནད་ཀྱི་འབྱུང་ཁུངས་དང་འགོ་ལམ་ལ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། སྤྱིར་བཏང་གི་ཐུམ་འབུའི་ནད་པ་ཡོངས་ལ་རིན་མི་ལེན་པར་སྨན་བཅོས་བྱེད་པ་མངོན་འགྱུར་བྱུང་། ས་ཁུལ་གཙོ་བོའི་ཐུམ་འབུའི་ནད་ཀྱི་འགོ་ཚད་ཆེ་བའི་རྣམ་པར་ཚོད་འགོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ནད་བྱུང་ཚད་མངོན་གསལ་སྒོས་ཇེ་ཉུང་དུ་སོང་ཟེར།
ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་བྱུང་ཚད་ཆེས་མང་བའི་ཞིང་ཆེན་གྲས་ཀྱི་གཅིག་ཡིན་ལ། ཐུམ་འབུའི་ནད་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་ལ་གནོད་སྐྱེལ་བའི་དགྲ་བོ་ཆེན་པོ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་ས་གནས་ནད་རིགས་ཆེད་དོན་འགོག་བཅོས་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་དགོས། དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་ཚན་རྩལ་ཁྱབ་གདལ་གཏིང་ཟབ་ཏུ་སྤེལ་བ། འབྱུང་ཁུངས་ཚོད་འཛིན་དང་སྔོན་འགོག འགོས་མཆེད་གཅོད་པ། ལག་རྩལ་མཐོར་འདེགས་སུ་གཏོང་བ་དང་སྨན་བཅོས་ལ་ཤུགས་སྣོན་པ། འགོ་ཁྲིད་ལ་ཤུགས་སྣོན་པ་དང་མཉམ་འགོག་མཉམ་འཛིན་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྡེ་ཁག་གིས་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་བྱ་བའི་རྐྱེན་སྲོལ་ལ་ཤུགས་བསྣན་ནས། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཐུམ་འབུའི་ནད་ཀྱི་འགོས་ཚད་ཧ་ལམ་བཀག་འགོག་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
རྩོམ་སྒྲིག་པ། འབྲུག་མོ།