རང་ཞིང་གི་གསོ་རིག་སློབ་དཔོན་གཉིས་ལ“རྒྱལ་ཡོངས་ཀྲུང་ལུགས་སྨན་དཔྱད་ཀྱི་ཕུལ་བྱུང་མཛད་རྗེས་བྱ་དགའ”ཐོབ་པ།
2019.11.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 49

ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྒྱལ་ཡོངས་ཀྲུང་ལུགས་སྨན་དཔྱད་ཚོགས་ཆེན་པེ་ཅིན་དུ་བསྡུས། ཚོགས་ཆེན་སྟེང་ཀྲུང་ལུགས་སྨན་དཔྱད་ཀྱི་ཕུལ་བྱུང་མཛད་རྗེས་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་གནང་། ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཁབ་གསོ་རིག་སློབ་དཔོན་ནམ་རང་རྒྱལ་བོད་ཀྱི་གསོ་རིག་མཁས་ཅན་ཉི་མ་ལགས་དང་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གམ་རང་ཞིང་གི་ཀྲུང་ལུགས་གསོ་རིག་བྱིས་ནད་ཚན་ཁག་གི་ཆེད་མཁས་པ་ལུའུ་ཁྲང་ཆིང་གཉིས་ལ་གཟི་བརྗིད་བྱ་དགའ་འདི་ཐོབ་འདུག

རྒྱལ་ཁབ་གསོ་བ་རིག་པའི་སློབ་དཔོན་ཉི་མ་ལགས་ནི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དང་ཞིང་ཆེན་བོད་སྨན་ཁང་གསར་འཛུགས་མཁན། ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་བཅས་ཡིན། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཆེད་མཁས་པ་དང་རྒྱལ་ཡོངས་འཕྲོད་བསྟེན་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་ལས་གཉེར་མཁན། ཀྲུང་ཧྭ་ཀྲུང་ལུགས་སྨན་དཔྱད་སློབ་ཚོགས་ཀྱི་གྲུབ་འབྲས་བྱ་དགའ་དང་ཚེ་གང་ལས་འཛིན་པ། “ང་རང་ཆེས་མོས་པའི་བདེ་ཐང་སྲུང་སྐྱོབ་པ།”སྐབས་དང་པོའི་ཀྲུང་ཧྭའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་དཔལ་འབར་རྟགས་མའི་བྱ་དགའ། ཀྲུང་གོའི་མི་རིགས་སྨན་དཔྱད་སློབ་ཚོགས་ཀྱི་འབུར་ཐོན་མཛད་རྗེས་བྱ་དགའ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་དྲུག་ཅུ་ལྷག་ཐོབ་ཡོད་ཅིང་། གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ལོར་གསོ་རིག་གི་ལས་ལ་ཞུགས་པ་ནས་ད་ལྟའི་བར་གྱི་ལོ་ངོ་བདུན་ཅུ་ཡི་རིང་ལ་ཁོང་གི་བླ་ན་མེད་པའི་བཅོས་ཐབས་ལག་རྩལ་དང་སྨན་པའི་ཁྱད་དུ་འཕགས་པའི་གཤིས་སྤྱོད་ཀྱིས་ཚེ་དང་ནད་ཀྱི་འཇིགས་པ་ལས་བསྒྲལ་བའི་ནད་པའི་གྲངས་ཀྱང་འབུམ་ཕྲག་དྲུག་ལས་བརྒལ་ཡོད།

ལུའུ་ཁྲང་ཆིང་གིས་ལོ་ངོ་དོན་གཉིས་ལ་ནད་ཐོག་བྱ་བ་གཉེར་བ་དང་དེ་ལས་ལོ་ངོ་ང་དགུ་ཡི་རིང་ལ་ཀྲུང་ལུགས་གསོ་རིག་སྐོར་གྱི་ལས་ཀ་ཡང་གཅིག་ལྕོགས་སུ་གཉེར་ཞིང་། རང་ཞིང་དུ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་ཡོད། གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས་ཁོང་གིས་རྟག་པར་རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་བློ་གཅིག་སེམས་གཅིག་གིས་ནད་པར་ཞབས་ཞུ་བསྒྲུབས་ལ། རྒྱ་ཆེའི་ནད་པའི་ཚད་མཐོ་བའི་བསྟོད་བསྔགས་དང་གུས་བཀུར་ཐོབ་སྟེ། རྒན་གཞོན་ཡོངས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ཁོང་ལ“ཨ་མྱེས་ལུའུ”ཞེས་འབོད་ཀྱིན་ཡོད། ལོ་ངོ་མང་པོའི་རིང་ལ་ལུའུ་ཁྲང་ཆིང་གིས་གསོ་རིག་སློབ་གཉེར་བ་དང་། གཞི་རིམ་སྡེ་ཁག་གི་ཟབ་སྦྱོང་སྨན་བཅོས་མི་སྣ་བརྒྱ་ཕྲག་འགའ་ལ་སློབ་སྟོན་གནང་སྟེ། རང་ཞིང་ལ་ཁྱད་དུ་འཕགས་པའི་སྨན་པའི་སྤྱོད་ཚུལ་ལྡན་པ་དང་ཀྲུང་ལུགས་གསོ་རིག་ལས་དོན་ལ་དགའ་ཞེན་ཆེ་བ། ཀྲུང་ལུགས་གསོ་རིག་གི་གཞུང་ལུགས་ཁོང་དུ་ཆུད་པ། བཅོས་ཐབས་ལག་རྩལ་ལ་བྱང་ཆུབ་པའི་གསར་གཏོད་རང་བཞིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མཛད། །

རྩོམ་སྒྲིག་པ། འབྲུག་མོ།