རང་ཞིང་གི་གཅིན་སྙི་ཟ་ཁུའི་ནད་པའི་མི་གྲངས་འབུམ་གཉིས་དང་ཁྲི་གཉིས་ལ་འཕར་བ།
2019.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ནི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉིན་མོ”ཡིན་པ་དང་། ད་ལོའི་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་ཚོད་འཛིན་བྱས་ནས་ཁྱིམ་ཚང་སོ་སོར་སྲུང་སྐྱོང་བྱེད”ཅེས་པ་དེ་རེད། གསར་འགོད་པས་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་གཅོང་ནད་སོའོ་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། རང་ཞིང་དུ་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་བཅོ་བརྒྱད་ཡན་གྱི་མི་རྣམས་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་ཚད་ཉིས་སྟོང་གཉིས་ལོའི་བརྒྱ་ཆའི་གཉིས་དང་གྲངས་ཆུང་བདུན་བརྒྱད་ནས་མིག་སྔའི་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔར་འཕར་ཡོད་པ་རེད། གྲོང་ཁྱེར་དུ་ནད་ཕོག་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་བརྒྱད་ཟིན་ཡོད་པས་ཞིང་སྡེ་དང་འབྲོག་ཁུལ་ལས་མཐོ་བ་རེད། མིག་སྔར། རང་ཞིང་དུ་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པ་འབུམ་གཉིས་དང་ཁྲི་གཉིས་ཙམ་ཡོད་པ་རེད།

ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཅོང་ནད་སོའོ་ཡི་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། གཅིན་སྙི་ཟ་ཁུའི་ནད་ནི་འཚོ་བ་སྐྱེལ་སྟངས་དང་འབྲེལ་བ་དམ་ཟབ་ཡོད་པའི་ནད་གཞི་ཞིག་ཡིན་པ་དང་། ལུས་ཚོ་བ་དང་ཁྲག་ཤེད་མཐོ་བ། ཚིལ་སྣུམ་གྱི་ཚད་ཐིག་མཐོ་བ་སོགས་དང་འབྲེལ་བ་ཡོད་ཅིང་། གཅིན་སྙི་ཟ་ཁུའི་ནད་ཀྱིས་མིག་ཞར་བ་དང་མཁལ་མ་ཉམས་པ། སྙིང་ནད་སོགས་ནད་རིགས་ཚབས་ཆེན་བཟོ་སྲིད་པ་དང་། ཐ་ན་དབང་པོ་སྐྱོན་དུ་འགྱུར་བའམ་ཡང་ན་ཤི་བའི་ཉེན་ཁའང་ཆེ་བ་རེད། དེའི་ཕྱིར་གཅིན་སྙི་ཟ་ཁུའི་ནད་གསོ་བཅོས་བྱེད་པར་ནད་པས་རང་འགུལ་བྱ་དགོས་པ་མ་ཟད། རང་ཉིད་ཀྱི་ནད་གཞིར་ལྟ་ཞིབ་ཚད་ལེན་བྱེད་ཤེས་དགོས། ད་ལོའི་ཟླ་བདུན་པར་རྒྱལ་ཁབ་ཀྱིས་སྤེལ་བའི་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ནང་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་ནད་གཞི་སྔོན་འགོག་ཚོད་འཛིན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། མི་ཚང་མ་ནི་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ་ཡིན་པའི་འདུ་ཤེས་དར་སྤེལ་གཏང་བ། ཡུལ་མིར་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་མ་གཏང་བ། བཟའ་བཅའ་ལུགས་མཐུན་དང་། ཚན་རིག་དང་མཐུན་པའི་ལས་འགུལ། ཐ་མག་དང་ཆང་རག་མི་བསྟེན་པ། སེམས་ཁམས་དོ་སྙོམས་བཅས་ཡོང་བ་བྱ་དགོས། གཅིན་སྙི་ཟ་ཁུའི་ནད་བྱུང་བ་དེ་ཚྭ་ཚད་མང་བ་དང་། འཚོ་བཅུད་ལྷག་ཐལ་ཆེ་བ། ལུས་སྦྱོང་མི་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་པོ་ཡོད་པས། འཚོ་བའི་ཁྲོད་དུ་ཚྭ་ཚད་ཇེ་ཉུང་དུ་བཏང་ནས་ཚྭ་དང་མངར་ཆ། ཚིལ་ཉུང་བ། ཚི་སྣ་མཐོ་བ་བཅས་ཀྱི་གོམས་གཤིས་ཆགས་པ་དང་། སྔོ་ཚོད་དང་། ཤིང་འབྲས། འབྲུ་རིགས་སོགས་མང་ཙམ་བསྟེན་པ། ལུས་ཕུང་སྦྱོང་བརྡར་འོས་འཚམ་བཅས་བྱེད་དགོས། གཅིན་སྙི་ཟ་ཁུའི་ནད་པས་བཟའ་བཏུང་དང་འགུལ་སྐྱོད། སྨན་རྫས། སེམས་ཁམས་སོགས་ཀྱི་གསོ་བཅོས་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་སློབ་གསོ་བརྒྱུད་དེ། གཅིན་སྙི་ཟ་ཁུའི་ནད་འབྱུང་བར་སྔོན་འགོག་དང་འབྱུང་ཚད་ཇེ་ཉུང་དུ་གཏང་བ།  ནད་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏང་དགོས་པ་བཅས་རེད།

རྩོམ་སྒྲིག་པ། འབྲུག་མོ།