སྨན་བཅོས་འགན་བཅོལ་གློག་རྡུལ་དཔང་འཛིན་དེ་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱིས་སྔོན་ལ་སྤྱོད་འགོ་ཚུགས་པ།
2019.11.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 11

སྨན་བཅོས་འགན་བཅོལ་གློག་རྡུལ་དཔང་འཛིན་ནི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དྲ་ཐོག་ལས་སྒོའི་ཐོབ་ཐང་དཔང་ཡིག་གཅིག་པུ་དེ་ཡིན་པ་དང་། ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ནས་བཟུང་ཧོ་པེ་དང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཧྥུའུ་ཅན། ཧྲན་ཏུང་། ཀོང་ཏུང་བཅས་ཞིང་ཆེན(གྲོང་ཁྱེར)བདུན་གྱི་གྲོང་ཁྱེར་ཁག་ཅིག་གི་སྔ་རྗེས་སུ་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་རེད།

ཚེས་ཉེར་བཞི་ཉིན་ཧྲན་ཏུང་ཅི་ནན་གྱི་སྡེ་མི་བུད་མེད་དབྱང་ལགས་ཀྱིས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཐོག་མ་དེ་རེ་ཞུ་བྱས་པ་ཡིས་རང་རྒྱལ་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་སྤྱོད་རྒྱུར་སྟབས་བདེ་བསྐྲུན་ཆེད། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་ཡིས་དེར་བསྟུན་གྱི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APPགསར་སྤེལ་བྱས་ནས་དུས་གཅིག་ཏུ་སྤྱོད་འགོ་ཚུགས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་APPཕབ་ལེན་བྱ་གནས་ཆེ་གྲས་ཁག་ཏུ་ཕབ་ལེན་བེད་སྤྱོད་བྱས་ཆོག

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཁྱབ་བསྒྲགས་ཀྱི་མཛད་སྒོ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་ཏང་ཙུའུ་ཁོངས་མི་དང་ཅུའུ་ཀྲང་གཞོན་པ་ཧྲི་ཙི་ཧའེ། ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སུན་ཅི་ཡེ། ཅི་ནན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་སུན་ཧྲུའུ་ཐའོ་བཅས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ་བ་རེད།

རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་ནི་སྨན་བཅོས་འགན་ལེན་གྱི་ཆ་འཕྲིན་སྟེགས་བུའི་འགན་བཅོལ་ནང་ཞུགས་མཁན་གྱི་དཔང་རྟགས་གཅིག་པུ་དེ་ཡིན་པ་དང་སྨན་བཅོས་འགན་བཅོལ་གྱི་དྲ་ཐོག་ཞབས་ཞུ་ཤར་གཏོང་ཐུབ་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་ཀྱང་ཡིན། དངོས་ཚན་བྱང་བུའམ་གློག་རྡུལ་བྱང་བུ་དང་བསྡུར་ན་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ལ་མངོན་གསལ་དོད་པའི་ལེགས་ཆ་བཞི་ཡོད་པ་སྟེ།

གཅིག་ནི་སྟབས་བདེ་ཡིན་པ། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་གྱིས་དངོས་ཚན་བྱང་བུ་ལ་མི་བརྟེན་པར་འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱིAPPདང་ཡང་ན་སྐད་འཕྲིན་དང་། ཀྲི་ཧྥུ་པའོ་སོགས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་བདེན་དཔང་ར་སྤྲོད་བྱས་པའི་ཕྱོགས་གསུམ་པའི་ཐབས་ལམ་བརྒྱུད་བེད་སྤྱོད་བྱ་ཆོག་པས་ཧ་ཅང་སྟབས་བདེ་ཡིན།

གཉིས་ནི་བཀོལ་སྤྱོད་ཕུན་སུམ་ཚོགས་པ། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དེས་སྨན་བཅོས་འགན་བཅོལ་གྱི་འདྲི་རྩད་དང་། འགན་བཅོལ་ནང་ཞུགས་ནས་ཐོ་འགོད་བྱེད་པ། རྩིས་ཞུ་གཏོང་སྤྲོད་སོགས་སྨན་བཅོས་འགན་བཅོལ་གྱི་ལས་སྒོའི་རྣམ་པ་མང་པོའི་ནང་རྒྱ་ཁྱབ་ངང་སྤྱད་ཆོག་པས། གློག་རྡུལ་དཔང་འཛིན་དེས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚང་མ་གཉེར་ཆོག་པ་རེད།

གསུམ་ནི་རྒྱལ་ཡོངས་སུ་སྤྱོད་ཐུབ་པ། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་དེ་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་ཀྱིས་གཅིག་གྱུར་ཐོག་བཟོས་པ་དང་། རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པ་དང་། ས་ཁོངས་སོ་སོས་ཕན་ཚུན་ཁས་ལེན་བྱེད་ལ། འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཡོངས་སུ་འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་ཆོག་པ་དང་། “དཔང་འཛིན་གཅིག་པུ་ལག་ཏུ་ཡོད་ན། སྨན་བཅོས་འགན་བཅོལ་ལ་སེམས་ཁྲལ་མེད”ཅེས་བཤད་ཆོག

བཞི་ནི་བདེ་འཇགས་བློས་འགེལ་བྱེད་ཆོག་པ། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ལ་དངོས་མིང་དང་མི་དངོས་ཀྱི་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་རང་རྒྱལ་ནས་ཐོན་པའི་གསང་སྡོམ་རྩི་ཐབས་དང་གྲངས་གཞི་གསང་སྡོམ་བརྒྱུད་གཏོང་བྱེད་པ། འགུལ་རྣམ་རྩ་གཉིས་ཨང་རྟགས་བཅས་སྤྱད་ཡོད་པས་མི་སྒེར་གྱི་ཆ་འཕྲིན་དང་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བདེ་འཇགས་ཡོང་བར་ཁག་ཐེག་བྱས་ཡོད་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་ཡི་ཅུས་ཀྲང་གཞོན་པ་ཧྲི་ཙི་ཧའེ་ཡིས་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་ཡིས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་5Gདང་ཁུལ་དུམ་འབྲེལ་ཐག་སོགས་སྔོན་ཐོན་ལག་རྩལ་ཞིབ་འཇུག་གཏིང་ཟབ་དང་ནང་འདྲེན་བྱེད་པ་དང་། གློག་རྡུལ་དཔང་འཛིན་གྱི་ནུས་པ་དང་ཁྱབ་གདལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བ། སྨན་བཅོས་འགན་བཅོལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དམངས་ཕན་ཀྱི་བྱེད་ཐབས་མང་བོ་ཞིག་མི་དམངས་མང་ཚོགས་ཀྱིས་དེ་བས་རྒྱ་ཁྱབ་ངང་བེད་སྤྱོད་ཐོབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སུན་ཅི་ཡེ་ཡིས་ད་རེས་ཀྱི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ལས་དོན་གྱི་སྔོན་སྐྱོད་ཚོད་ལྟའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་འཛུགས་སྐྱོང་གི་བླང་བྱ་གཞིར་བཟུང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཁྱབ་གདལ་དང་། ཁྱབ་སྤེལ། བེད་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ནས་མང་ཚོགས་ལ་སྟབས་བདེ་དང་། ནུས་ཆེ། བདེ་འཇགས་བཅས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།