བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
2019.11.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

བོད་ལུགས་གསོ་རིག་དང་བོད་སྨན་དེ་བོད་ལྗོངས་ཀྱི་མིང་བྱང་དུ་བསྒྱུར་ཆེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ཉིས་སྟོང་བཅུ་བཞི་ལོར《བོད་ལུགས་གསོ་རིག་གནའ་དཔེ་རྩ་ཆེན》ཁག་དང་པོའི་དཔེ་དེབ་སུམ་ཅུ་དཔེ་སྐྲུན་བྱས་ཟིན་པ་དང་། ད་ལོར་དཔེ་དེབ་བཅུ་དཔེ་སྐྲུན་ལས་འགན་ལེགས་སྒྲུབ་བྱུང་ཡོད་པ་མ་ཟད། སང་ལོའི་དེབ་ཉི་ཤུ་དང་དེའི་རྗེས་ཀྱི་དེབ་བརྒྱ་ཡི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དེ་སྔའི་དཔེ་མཛོད་ཁང་གི་མགོ་གཙོ་དང་གནའ་དཔེ་ལེགས་སྒྲིག་གི་ཆེད་མཁས་པ་གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་བཤད། བོད་ལུགས་གསོ་རིག་དང་བོད་སྨན་དང་དེ་བཞིན་སྐར་རྩིས་ཀྱི་དཔེ་རྙིང་གི་དཔྱད་གཞི་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་གྲངས་འཛིན་ཅན་གྱི་ལྟེ་གནས་འཛུགས་སྐྲུན་བྱ་ཆེད་མོས་ལོ་ངོ་དགུ་ལ་འབད་བརྩོན་བྱས་འདུག

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་སྨན་ཞིབ་འཇུག་སའོ་ཡི་སའོ་ཀྲང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དགེ་རྒན་ཆེན་མོ་གཞོན་པ་རིན་ཆེན་རྒྱལ་ལགས་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི“ཀྲུང་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་ཞིབ་འཇུག་གི་གཙོ་གནད་རྣམ་གྲངས”ཀྱི་འགན་འཁུར་བཞིན་ཡོད་པ་རེད།

ད་ལོའི་ཟླ་བདུན་པ་ནས་བཟུང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ན་གཞོན་བོད་སྨན་ཆེད་མཁས་པའམ་དགེ་རྒན་ཆེན་མོ་གཞོན་པ་ཀྲི་ཀྲང་གིས་ཚན་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་གསེར་ཉི་ས་ཁུལ་དང་འབྲི་རུ་རྫོང་དུ་བསྐྱོད་ནས་མ་དཔེ་སོ་གསུམ་གྱི་ཆ་འཕྲིན་ཟིན་ཐོ་དང་། སྨན་རྫས་ཟིན་ཐོ། དམར་དཔེ་འཚོལ་བསྡུ། བརྙན་རིས་འཚོལ་བསྡུ་བཅས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་པྲ་ཚིལ་གྱི་དམར་དཔེ་ཉིས་བརྒྱ་གྱ་དྲུག་དང་རིགས་ཆིག་སྟོང་བདུན་བརྒྱ་བཅུ་དྲུག་བཟོས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།