དབང་པོ་ཞལ་འདེབས་ཕུལ་བའི་མཛད་པས་ས་སྒང་ཧྲིལ་པོ་འགུལ་དུ་བཅུག
2019.11.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 137

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་བའི་མཐུན་སྦྱོར་མཁན་གྱི་བདེན་དཔང་དང་། ཀྲུང་གོའི་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་བའི་དོ་དམ་ལྟེ་གནས་དང་ཁྲུང་ཆིན་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་མགོ་ཁྲིད་དང་ཆེད་མཁས་པའི་ཞིབ་ཕྲའི་མཛུབ་སྟོན་འོག མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དུ་མཚོ་སྔོན་ཞིང་ཆེན་གྱི་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་ཐེངས་དང་པོ་མངོན་འགྱུར་བྱུང་བ་རེད། དེས་རང་ཞིང་གི་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་རྒྱུ་ཐོད་བརྒལ་བྱུང་ནས་རང་རྒྱལ་གྱི་སྟོང་ཆ་བསྐངས།

དབང་པོ་ཞལ་འདེབས་སུ་འབུལ་མཁན་ཅང་ཏུང་ལིན་ནི་ད་ལོ་ལོ་ང་བདུན་ཡིན་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་བཟོ་པ་དཀྱུས་མ་ཞིག་རེད། ད་ལོའི་ཟླ་ལྔ་པར་མི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་མཁན་གྱི་དང་བླངས་པར་ཐོ་འགོད་བྱས་པ་རེད།

ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། གློ་བུར་དུ་ཀླད་ཁྲག་ཤོར་བའི་རྐྱེན་གྱིས་ཁོ་རང་ནང་མི་དང་གྲོགས་པོས་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པས། ནང་མིས་མིག་མཐར་མཆི་མས་ཁེངས་བཞིན་ཁོང་གི་དབང་པོ་ཞལ་འདེབས་ཕུལ་ནས་མི་གཞན་ལ་སྨན་བཅོས་བྱས་ཏེ “བྱ་ཐབས་གཞན་ཞིག་བརྒྱུད་ནས་ཁོང་འཇིག་རྟེན་དུ་འཚོ་བའི”འདོད་བློ་བཏོན།

མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ལ་མྱུར་དུ་གནས་ཚུལ་བཤད་པ་དང་འབྲེལ་པེ་ཅིན་ཆིན་ཧྭ་ཁྲང་ཀིན་སྨན་ཁང་ནས་འབྲེལ་ཡོད་ཆེད་ལས་མི་སྣ་མངགས་ཏེ་དབང་པོར་བརྟག་དཔྱད་དང་འབྲེལ་ཡོད་གཤག་བཅོས་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་པེ་ཅིན་ཆིན་ཧྭ་ཁྲང་ཀིན་སྨན་ཁང་གཉིས་ཀྱི་རྒྱབ་སྐྱོར་བླ་མེད་ཐོབ། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྥན་ཧེ་ཉིན་གྱིས་བཤད་པ་ལྟར་ན། ང་ཚོས་ཅང་ཏུང་ལིན་གྱི་ཀླད་རྨས་ནད་གཞིར་ཐེངས་མང་དཔྱད་བསྡུར་བྱས་ཏེ་གསོ་བཅོས་བྱེད་མི་ཐུབ་པར་ཐག་བཅད། ཁོང་གི་དབང་པོ་གཞན་དག་གི་གནས་ཚུལ་ལེགས་པས་དབང་པོ་ཞལ་འདེབས་འབུལ་བའི་ཆ་རྐྱེན་དང་མཐུན་ཟེར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། ཅང་ཏུང་ལིན་ཀླད་ནད་ཀྱིས་ཤི་བར་ཐག་བཅད་པ་དང་། དབང་པོ་ལེན་པའི་གཤག་བཅོས་ཧ་ཅང་ལེགས་འགྲུབ་བྱུང་བ་དང་མཆིན་པ་དང་མཁལ་མ་ཆ་གཅིག ཟུར་སྐྱི་ཆ་གཅིག་བཅས་ཡོད། འབྲེལ་ཡོད་ཀྲུང་གོ་དབང་པོ་བགོ་བྱའི་བཀོད་སྒྲིག་ལྟར། ཅང་ཏུང་ལིན་གྱིས་ཕུལ་བའི་མཆིན་པ་དང་ཟུར་སྐྱི་ཆ་གཅིག་མྱུར་དུ་པེ་ཅིན་ལ་བསྐྱལ་བ་དང་། མཁལ་མ་ཆ་དེ་ཧྲང་ཧེར་བསྐྱལ་བ་རེད། ཆེས་ཉུང་མཐའ་ཡང་ནད་པ་ལྔ་ལ་ཡང་བསྐྱར་གསོན་པའི་ཚེ་སྲོག་སྩོལ་ཐུབ།

སྔོན་ཆད་མཚོ་སྔོན་དུ་མི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་བའི་དཔེ་མེད་ལ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མཐུན་སྦྱོར་དང་ཤུགས་རྐྱེན་འོག་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཤར་ཕྱོགས་མཁའ་འགྲུལ་ཀུང་སི། པེ་ཅིན་རྒྱལ་སྤྱིའི་གནམ་གྲུ་ཐང་བཅས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ནས། དབང་པོ་སྐྱེལ་འདྲེན་ཐད“གེགས་མེད་བགྲོད་ལམ”བཏོད་ཅིང་། ཟི་ལིང་གྲོང་ཁྱེར་པུར་ཁང་གིས་ཅང་ཏུང་ལིན་གྱི་དུར་འཇུག་འགྲོ་གྲོན་ཚང་མ་མེད་པར་བཟོས་པར་མ་ཟད། ཅང་ཏུང་ལིན་གྱི་མིང་ད་དུང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མི་ལུས་ཀྱི་དབང་པོ་ཞལ་འདེབས་ཕུལ་ནས་གཅེས་སེམས་མཚོན་པའི་དྲན་གསོའི་གླིང་གི་བང་སོའི་རྡོ་རིང་ཐོག་བརྐོས་པ་རེད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣས་ཞལ་འདེབས་ཕུལ་ཚར་རྗེས། མྱུར་དུ་པུར་ཁང་དུ་སོང་ནས་ཞལ་འདེབས་འབུལ་མཁན་གྱི་ནང་མི་དང་མཉམ་དུ་ཅང་ཏུང་ལིན་ལ་མཐའ་མའི་ཞལ་གྱེས་ཞུ་རོགས་བྱས་ཤིང་། དེའི་ཐོག་ནས་སྤྱི་ཚོགས་ཡོངས་དང་རྒྱ་གྲམ་དམར་པོའི་ཚོགས་མིས་ཞལ་འདེབས་འབུལ་མཁན་དང་དེའི་ནང་མིར་བརྩི་འཇོག་དང་མི་ཆོས་ཀྱི་ཐུགས་ཁུར་བྱས་པ་མཚོན་ཡོད།

མཚོ་སྔོན་གྱི་མི་ལུས་དབང་པོ་ཞལ་འདེབས་འབུལ་ཐེངས་དང་པོ་དེས་མཚོ་བོད་མཐོ་སྒང་ནས་མི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཅིང་། མཚོ་སྔོན་དུ་མི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་བར་དོན་སྙིང་ཧ་ཅང་ཟབ་མོ་ལྡན་པ་སྟེ། གཅིག་ནས་ཞལ་འདེབས་འབུལ་མཁན་དང་དེའི་ནང་མིས་མི་སྲོག་སྐྱོབ་པའི་འདུན་པ་མངོན་འགྱུར་བྱུང་བ་དང་། དབང་པོ་ཉམས་ཟད་དུ་སོང་བའི་ནད་པའི་ཚེ་སྲོག་རྒྱུན་མཐུད་ཐུབ་པའི་རེ་བ་དེ་ནི“ཚེ་སྲོག་གི་རྒྱུན་མཐུད”ཅིག་རེད། གཉིས་ནས་མཚོ་སྔོན་ཞིང་ཆེན་གྱིས་མི་ལུས་ཀྱི་དབང་པོ་བརྗེ་སྤོར་བྱེད་པའི་རྩེར་སོན་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ། གསུམ་ནས“མི་ཆོས་དང་བྱམས་བརྩེ། ལེགས་སྐྱེས”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། བཞི་ནས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་ཏན་ཏིག་བཏང་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།