གཟུགས་སྐྱེ་བར་ཕན་པའི་འགུལ་སྐྱོད་ཀྱི་རིགས་ལ་དབྱེ་ན་གང་དག་ཡོད།
2019.12.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 43

ལྒང་ལི་རྩེ་བ། གཞོན་ནུ་ལོ་ཆུང་རྣམས་རྒྱུན་པར་ལྒང་ལི་རྩེ་བའི་འགུལ་སྐྱོད་ནང་ཞུགས་ན་ལུས་པོའི་གནས་ཡོངས་ཀྱི་ཤ་གནད་འགུལ་སྐྱོད་དང་སྦྱོང་བརྡར་ཐོབ་ཐུབ་པར་མ་ཟད། ད་དུང་ལུས་ཁམས་ཀྱི་རྙིང་ཚབ་གསར་བརྗེ་བྱེད་ཚད་ཇེ་ལེགས་སུ་འགྲོ་བ་དང་། རུས་པ་དང་ཁྲག་གི་འཁོར་རྒྱུག འཚོ་བཅུད་ཐད་ལ་ནུས་པ་འདོན་སྤྲོད་གང་ལེགས་བྱེད་ཐུབ་པས་རུས་རྐང་བདེ་ཐང་དང་གཟུགས་པོ་སྐྱེ་ཚད་ལ་ཕན།

ཐག་ལྡིང་རྩེ་བ། ཐག་ལྡིང་བྱེད་པའི་སྐབས་སུ་པུས་མོ་རྐྱོང་སྐུམ་བྱས་ནས་ཡར་ལྡིང་མར་ལྡིང་བྱེད་བཞིན་ཡོད། ཐག་ལྡིང་རྩེ་ཡུན་བསྟུད་མར་སྐར་ཆ་གསུམ་ནས་ལྔ་བར་རྒྱུན་འཁྱོངས་བྱས་ཏེ་རིམ་བཞིན་སྐར་མ་བཅུ་ཡི་རིང་ལ་ཇེ་མང་དུ་གཏོང་དགོས། ཐག་ལྡིང་རྩེ་བའི་སྐབས་སུ་ངལ་གསོའི་དུས་ཡུན་ནི་སྐར་མ་གཅིག་ནས་གཉིས་བར་བྱས་ཏེ་དུས་ཡུན་རིང་བར་འབད་ན་གཟུགས་སྐྱེས་པར་ཕན།

རྒྱང་མཆོང་བྱེད་པ། མིའི་གཟུགས་པོའི་རིང་ཚད་དེ་གཙོ་བོ་ཁོག་སྨད་ཀྱི་རུས་རྐང་གི་རིང་ཚད་ཀྱིས་ཐག་གཅོད་བྱེད་པ་རེད། རྒྱང་མཆོང་བྱས་ན་ཁོག་སྨད་ཀྱི་རུས་པར་གོ་རིམ་ཡོད་པའི་སྒོ་ནས་གནོན་ཤུགས་སྟེར་བ་དང་། ཁྲག་གི་འཁོར་རྒྱུག་འདང་ངེས་ཤིག་འདོན་སྤྲོད་བྱེད་ཐུབ་པས་རུས་པ་འཚར་ལོངས་འབྱུང་བར་ཕན། ཉིན་རེར་ཐེངས་གཅིག་ནས་གསུམ་བར་རྒྱང་མཆོང་བྱེད་པ་དང་ཐེངས་རེར་སྐར་མ་ལྔ་ནས་བཅུའི་བར་རྒྱང་མཆོང་བྱས་ན་ལེགས།

ཆུ་རྐྱལ་སྟེག་པ། ཆུ་རྐྱལ་སྟེག་པའི་སྐབས་སུ་ཆུའི་ནང་དུ་རྐྱོང་སྐུམ་གྱི་འགུལ་སྟངས་མང་པོ་ཡོད། དཔེར་ན། སྦལ་རྐྱལ་བྱེད་པའི་སྐབས་སུ་རྐང་པ་དང་ལག་པ་གཉིས་མཉམ་དུ་འགུལ་བཞིན་ཡོད་པས། གཟུགས་སྐྱེས་པར་ཕན་པ་དང་། ན་གཞོན་རྣམས་ཉིན་གཉིས་ཀྱི་ནང་དུ་ཆུ་རྐྱལ་ཐེངས་རེ་བྱས་ན་ལེགས།

གོང་སྨྲས་ཀྱི་སྦྱོང་བརྡར་དག་ལས་ལུས་པོའི་གནས་སོ་སོ་འགུལ་སྐྱོད་བྱེད་བཞིན་ཡོད་པས་རུས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ཞིང་། གལ་ཏེ་ཁྱོད་ལ་གཟུགས་རིང་པོ་ཞིག་སྐྱེས་འདོད་ན་གཉིད་སྐྱིད་པོ་ཁུག་པར་འབད་པ་དང་འཚོ་བཅུད་སྙོམས་པོ་ཡོང་བར་འབད་རྒྱུ་ཤིན་ཏུ་གལ་ཆེ། །

རྩོམ་སྒྲིག་པ། འབྲུག་མོ།