མཚོ་སྔོན་ཞིང་ཆེན་གྱིས《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་གྲོས་མོལ་སྨན་རྫས་སྣ་ཁ་བདུན་ཅུ་གསར་དུ་བསྣན་པ།
2019.12.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 35

ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། 《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་། ལས་རྨས་ཉེན་ཚབ། བུ་སྐྱེ་ཉེན་ཚབ་བཅས་ཀྱི་སྨན་རྫས་དཀར་ཆག(ཉིས་སྟོང་བཅུ་དགུ་ལོའི་པར་གཞི)》(གཤམ་དུ《སྨན་རྫས་དཀར་ཆག》ཅེས་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་གྲོས་མོལ་སྨན་རྫས་སྣ་ཁ་བདུན་ཅུ་གསར་དུ་བསྣན་པ་དང་རིན་གོང་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་བདུན་མར་ཆག་ཡོད་ལ། སྨན་རྫས་རིགས་ཉེར་བདུན་རྒྱུན་མཐུད་དུས་བཅད་བྱས་པས་རིན་གོང་ཆ་སྙོམས་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་བཞི་མར་བབ་ཡོད། ནད་པ་མི་སྒེར་གྱི་ཁུར་པོ་བརྒྱ་ཆའི་བརྒྱད་ཅུའི་ཡན་ཇེ་ཉུང་དུ་བཏང་པ་དང་། སྨན་རྫས་ཁག་གཅིག་གི་ཁུར་པོ་བརྒྱ་ཆའི་གོ་ལྔའི་ཡན་མར་བབ་ཡོད་པ་རེད།

ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། 《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་གྲོས་མོལ་སྨན་རྫས་གསར་དུ་བསྣན་པའི་གྲངས་ཀ་དང་གྲོས་མོལ་སྨན་རྫས་བསྡོམས་གྲངས་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། གྲོས་མོལ་ལེགས་གྲུབ་བྱུང་བའི་སྨན་རྫས་དེ་ཉེ་བའི་ལོ་ཤས་རིང་གསར་དུ་ཁྲོམ་རར་བཀྲམ་པ་མ་ཟད། ད་དུང་ནད་ཐོག་སྨན་བཅོས་ཀྱི་རིན་ཐང་ཅུང་མཐོ་བའི་སྨན་རྫས་དང་། འབྲས་སྐྲན། མཐོང་དཀོན་པའི་ནད། མཆིན་ཚད། གཅིན་སྙི་ཟ་ཁུའི་ནད། སྨན་མང་ཐེག་ཐུབ་པའི་འདུས་འདྲིལ་གཅོང་ནད། རིམས་འགོག སྙིང་ཀླད་ཁྲག་རྩ། འཇུ་བྱེད་སོགས་ནད་ཐོག་སྨན་བཅོས་ཀྱི་ཁྱབ་ཁོངས་བཅུ་ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

དེ་དང་ཆབས་ཅིག《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་བོད་སྨན་སྣ་ཁ་གོ་བརྒྱད་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་རང་བཟོས་སྨན་རྫས་རིགས་ལྔ་བརྒྱ་དང་རེ་དགུ་དང་། བོད་ལུགས་གསོ་རིག་གི་གསོ་ཐབས་རིགས་ཉིས་བརྒྱ་སོ་ལྔ་སྨན་བཅོས་ཉེན་ཚབ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ནད་བཅོས་སྨན་བསྟེན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།