ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་བྱ་བར་རྟོག་ཞིབ་བྱས།
2019.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གཉིས་སུ་རྟོག་ཞིབ་བྱེད་པར་སོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས། ཀྲུང་དབྱང་གི་འགོ་ཁྲིད་མི་སྣས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་བྱ་བའི་སྐོར་ནས་གནང་བའི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་རྫས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཁོང་ཡུང་གིས་བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བོ་བྱེད་པ། སྟོབས་ཤུགས་དང་བློ་རིག་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ལས་དོན་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་ཁྲོད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ཁོང་ཡུང་ཚན་ཁག་དང་གཞུང་སྒྲུབ་ཁང་། ནད་ཁང་དུསོང་ནས། རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་ལ་འཚམས་འདྲི་བྱས་པ་དང་། སྨན་བཅོས་བྱ་བ་སྒྲུབ་མཁན་དང་ནད་པ་བར་མཛའ་བརྩེའི་བརྗེ་རེས་བྱས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་བཞུགས་མོལ་ཚོགས་འདུའི་སྟེང་། ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་དང་བརྗེ་རེས་གཏམ་བཤད་ལ་ཉན། ཁོས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ལས་དོན་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ་ལ། ཚོང་རའི་དགོས་མཁོ་ཆེན་པོ་ལྡན་པ་དང་། དེའི་ཐད་ནས་ལོ་རྒྱུས་ཀྱི་གོ་སྐབས་བཟང་བོར་འཕྲད་ཡོད་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་མྱུར་དུ་འཛུགས་པ་དང་། དྲང་བདེན་འཛིན་སྐྱོང་དང་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཟུང་འབྲེལ་བྱས་ནས། མཉམ་བསྲེས་འཕེལ་རྒྱས་ལ་ཤུགས་སྣོན་དགོས། ཀྲུང་བོད་ལུགས་གསོ་རིག་ཐད་ཀྱི་ནད་བརྟག་སྨན་བཅོས་དང་ལུས་གསོ་བདེ་སྲུང་། ནད་གསོ་སྨན་བཅོས་བཅས་བདེ་ཐང་རྒན་གསོའི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱས་ཏེ། རྒན་གསོ་སྡེ་ཁག་གིས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་དོ་དམ་འདུ་ཤེས་དང་མཉམ་བསྲེས་བྱས་པའི་ཞབས་ཞུ་སྤེལ་དགོས། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་སློབ་གླིང་དང་རིག་གཞུང་ཚོགས་པ་སོགས་རིགས་མི་འདྲ་བའི་སྡེ་ཁག་བར་གྱི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ། ཀྲུང་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་གཉིས་ཀ་གཙོར་འཛིན་པར་ཤུགས་སྣོན་པ། སྨན་བཅོས་སྡེ་ཁག་གི་ཀྲུང་བོད་སྨན་སྨན་རྫས་ལས་སྣོན་ཐོ་འགོད་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བ་དང་ལེགས་བསྒྱུར་བྱེད་པ། གཟབ་ནན་བཞིའི་རེ་བར་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱི་ནད་ཐོག་སྨན་བཀོལ་དགོས་མཁོ་སྐོང་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།