ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ཕྱོགས་ཡོངས་ནས་ཏན་ཏིག་ངང་སྤེལ་ཏེ། སྨན་བཅོས་ཉེན་ཚབ་ཐེབས་རྩའི“ཆད་ལུས་ཤོར་བ”འགོག་གང་ཐུབ་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་བཙུགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་དང“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཏེ། སྨན་བཅོས་ཉེན་ཚབ་ཐེབས་རྩ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་འགུལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་གཏན་འཁེལ་ལས་ཁུངས་ཚང་མར་དངོས་སུ་བསྐྱོད་དེ་ཞིབ་བཤེར་བྱས་པ་རེད། ཟླ་བཅུ་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་སྨན་བཅོས་གཏན་འཁེལ་ལས་ཁུངས་སུམ་སྟོང་ལྷག་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་ཡིན་པའི་སྨན་བཅོས་ལས་ཁུངས་ཆིག་སྟོང་བདུན་བརྒྱ་དོན་གཉིས་ལ་ཞིབ་བཤེར་ཐག་གཅོད་བྱས། སྨན་བཅོས་ཉེན་ཚབ་བྱང་བུ་སྤྱད་ནས་སྡོམ་རྩིས་བརྒྱབ་པའི་ཞབས་ཞུ་ལས་ཁུངས་སུམ་བརྒྱ་དང་གཉིས་མཚམས་འཇོག་ཏུ་བཅུག་ཅིང་། ཞབས་ཞུའི་གྲོས་མཐུན་བཅུ་བཞི་མེད་པར་བཟོས། ལས་ཁུངས་ལྔ་ལ་སྲིད་འཛིན་ཆད་པ་བཅད། ལས་ཁུངས་ཆིག་སྟོང་སུམ་བརྒྱ་སོ་བདུན་ལ་སྐྱོན་བརྗོད་དང་དག་ཐེར་ལེགས་སྒྲིག་བྱས། སྨན་བཅོས་ཉེན་ཚབ་ཐེབས་རྩ་སྒོར་ས་ཡ་བརྒྱད་དང་འབུམ་གཅིག་ལྷག་རྩད་ཞིབ་ བྱས་པ་མ་ཟད། སྒྲིག་འགལ་སྨན་བཅོས་ལས་ཁུངས་བརྒྱ་དང་བཞི་ཡི་མིང་ཐོ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་ཐེངས་གཉིས་ལ་བྱས་པ་རེད།
དེ་མིན་ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་ཉེན་ཚབ་སྡེ་ཁག་གིས“སེམས་བདེ་སྨན་ཁང”དཔྱད་འདེམ་བྱེད་སྒོ་སྤེལ་ཏེ། རིམ་པ་ཁག་གི་སྨན་བཅོས་གཏན་འཁེལ་སྨན་ཁང་གིས་རང་ངོས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཡིད་རྟོན་གཉེར་སྐྱོང་། ཞབས་ཞུའི་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་ཧུར་ཐག་བྱེད་པ་བཅས་བྱས་ནས། སྨན་བཅོས་ཉེན་ཚབ་ཐེབས་རྩ“ཆད་ལུས་ཤོར་བར”དོགས་ཟོན་བྱེད་པ་དང་དུས་མཚུངས་སུ་མང་ཚོགས་ལ་ཞབས་ཞུ་སྔར་བས་ལེགས་པོ་མཁོ་འདོན་བྱེད་པ་བཅས་ལ་སྣེ་ཁྲིད་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།