རང་ཞིང་གི་ནད་གཞི་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་འཚོགས།
2019.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། རང་ཞིང་གི་ནད་གཞི་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་པུའུ་ཨུ་བཅུ་ཡིས་རྡུལ་གྲིབ་གློ་ནད་འགོག་བཅོས་མཁྲེགས་གཏོར་ལག་ལེན་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རྡུལ་གྲིབ་གློ་ནད་འགོག་བཅོས་བྱ་བར་ཕྱོགས་སྡོམ་དང་རྗེས་ཕྱོགས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།

ཁོང་ཡུང་གིས་བསྟན་དོན། ཡང་དག་པའི་དུས་བབ་ཁོང་དུ་ཆུད་་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ལས་རིགས་བདེ་ཐང་བྱ་བར་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། ལས་རིགས་དང་། ལས་ཀའི་གོ་རིམ། གཙོ་གནད་ཚོགས་སྤྱི་བཅས་ལ་དམིགས་པ། ཁྲིམས་ལྟར་འགོག་བཅོས་དང་། འབྱུང་རྩ་ནས་བཅོས་སྐྱོང་། ཕྱོགས་བསྡུས་ཇུས་འདོན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཐལ་རྡུལ་གནོད་འཚེའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་། རྡུལ་གྲིབ་གློ་ནད་ཕོག་པའི་ནད་པ་སྐྱོབ་བཅོས་རོགས་རམ་ལག་ལེན། ལས་རིགས་བདེ་ཐང་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལག་ལེན། མི་སྤྱོད་སྡེ་ཚན་གྱི་བྱེད་པོའི་འགན་འཁྲིའི་ཆེད་དོན་ལག་ལེན། འགོག་བཅོས་ལག་རྩལ་ནུས་པ་ཆེ་རུ་གཏོང་བའི་ལག་ལེན་དངོས་སུ་བསྟར་ནས། ཞིང་ཆེན་ཡོངས་ཀྱི་ལས་རིགས་ཀྱི་ནད་འགོག་བཅོས་བྱ་བའི་ཕན་འབྲས་དང་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།

ཁོང་ཡུང་གིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་པ། ལས་འགན་ལས་བགོས་སྔར་བས་གསལ་བོར་བྱེད་པ། བྱ་བའི་འགན་འཁྲི་གཟབ་ནན་བྱེད་པ་བཅས་བྱས་ནས་མཁྲེགས་གཏོར་ལག་ལེན་ལ་ཕན་འབྲས་བཟང་པོ་ཐོན་པའི་འགན་སྲུང་བྱ་དགོས། སྲིད་གཞུང་རིམ་པ་ཁག་གིས་ལས་རིགས་ཀྱི་ནད་འགོག་བཅོས་བྱེད་པའི་བྱ་བའི་གནས་བབ་ལ་གཞིགས་ནས། ནོར་སྲིད་ཀྱི་མ་དངུལ་ཇེ་མང་དུ་གཏོང་བ་དང་། ལས་རིགས་ཀྱི་ནད་འགོག་བཅོས་བྱེད་པར་མཁོ་བའི་གྲོན་དངུལ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། མ་དངུལ་སྤྱོད་པའི་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ལས་རིགས་བདེ་ཐང་ཞབས་ཞུའི་སྒྲིག་གཞི་དང་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། རིམ་པ་ཁག་དང་ལས་རིགས་ཁག་གི་ལས་རིགས་ཀྱི་ནད་འགོག་བཅོས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། རྡུལ་གྲིབ་གློ་ནད་ཕོག་མཁན་གྱི་ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོའི་གློག་རྡུལ་ཆ་འཕྲིན་དོ་དམ་འཛུགས་དགོས་ཞེས་བསྟན་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།