མངལ་སྦྲུམ་པའི་སྐབས་སུ་ཁྱིམ་ལས་ལས་ན་བཟང་ཆ་ཡོད་དམ།
2020.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

བུད་མེད་ཚོས་མངལ་སྦྲུམ་པའི་སྐབས་སུ་ཁྱིམ་ལས་ལས་ན་ཁོག་གི་བྱིས་པ་བདེ་ཐང་ཡོང་མིན་ཐད་མི་མང་པོ་ཞིག་ཐེ་ཚོམ་སྐྱེ་བཞིན་ཡོད། ཁྱིམ་ལས་ཉུང་ངུའི་རིགས་ལས་ན་མངལ་གནས་བྱིས་པའི་བདེ་ཐང་ལ་བཟང་ཆ་ཡོད་པ་རེད། ཁྱིམ་དུ་ལས་ཀ་ལས་པའི་སྐབས་སུ་སྦྲུམ་མས་མངལ་གནས་ཕྲུ་གུར་རང་ཉིད་ཀྱི་ངལ་རྩོལ་འབྲས་བུའི་དགའ་ཚོར་ལོངས་སྤྱོད་བྱེད་དུ་འཇུག་དགོས། ཡིན་ཡང་། སྦྲུམ་མས་མངལ་མ་ཆགས་པའི་སྔོན་ལྟར་ལས་ཀ་ལྕི་མོའི་རིགས་ལས་མི་རུང་སྟེ། དཔེར་ན། ཁྱིམ་ལས་ཉུང་ངུའི་རིགས་ལས་ནས་ལས་ཀ་ལྕི་མོའི་སྐོར་བཟའ་ཟླའམ་ཁྱིམ་མིར་རོགས་རམ་བྱེད་དུ་འཇུག་པ་ལྟ་བུའོ། །

ཁྱིམ་ལས་ལས་པའི་སྐབས་སུ་མཉམ་འཇོག་བྱེད་དགོས་ས་གཤམ་གསལ་ལྟར།

ཁྱིམ་ལས་ལྕི་མོའི་རིགས་ལས་མི་རུང་། སྦྲུམ་མས་འོས་ཤིང་འཚམ་པའི་ལས་ཀ་ལས་པ་ཙམ་ལས། ཨུ་ཚུགས་ཀྱིས་ལས་ཀ་ལྕི་མོའི་རིགས་ལས་མི་རུང་། དཔེར་ན། མཐོ་སར་གད་དར་མི་བྱེད་པ་དང་། དངོས་པོ་ལྗིད་མོའི་རིགས་དབོར་འདྲེན་དེ་བས་ཀྱང་བྱེད་མི་རུང་། བྱེད་སྟངས་འདི་རིགས་ཀྱིས་གསུས་ཁོག་ལ་གནོན་ཤུགས་སྟེར་གྱིན་ཡོད་པ་དང་། ཉེན་ཁ་ཆེ་བའི་བྱེད་སྟངས་ཡིན་པས་མངལ་གནས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གནོད་པ་ཡོད།

དུས་ཡུན་རིང་པོའི་ནང་དུ་ལག་པ་བསྲིངས་པའམ་སྐེད་པ་བསྲིངས་ནས་ལྭ་བ་བསྐམ་པ་སོགས་བྱེད་མི་རུང་། སྦྲུམ་མས་ལྭ་བ་སྐེམ་པའི་དུས་སུ་ལུས་པོ་དགྱེས་ཏེ་སྐེད་པ་བསྲིང་དགོས་པར་མ་ཟད། ད་དུང་གསུས་པའི་གནས་ནས་ཤུགས་ཆེན་པོ་འདོན་དགོས་པས། དུས་ཡུན་རིང་པོར་བྱེད་སྟངས་འདིའི་རིགས་ལ་འབྲེལ་བ་ཡོད་པའི་ལས་ཀ་ལས་ན་མངལ་གནས་བྱིས་པར་གནོད་པ་ཆེ། དེ་མིན་དུས་ཡུན་རིང་པོར་སྐེད་པ་མར་སྒུར་བའམ་ཙོག་པུར་བསྡད་ན་ཁྲག་རྒྱུན་འཁོར་སྐྱོད་ལེགས་པོ་བྱེད་མི་ཐུབ་པས་མཉམ་འཇོག་བྱེད་དགོས།

འགུལ་སྐྱོད་གང་དག་བྱས་ན་སྦྲུམ་མར་ཕན་པ་ཡོད་དམ་ཟེར་ན།

སྦྲུམ་མས་མངལ་ཆགས་པའི་དུས་ཡུན་ནང་དུ་འོས་ཤིང་འཚམ་པའི་འགུལ་སྐྱོད་བྱས་ན། མངལ་གནས་བྱིས་པ་དང་མི་སྒེར་ལ་ཕན་པ་མང་པོ་ཡོད།

མངལ་གནས་བྱིས་པར་མཚོན་ནས་བཤད་ན། འགུལ་སྐྱོད་ནི་མངལ་སྦྲུམ་པའི་བུད་མེད་ཀྱི་ཀླད་ཆེན་ལ་དབྱང་དབུགས་དང་འཚོ་བཅུད་མང་པོ་འདོན་སྤྲོད་བྱེད་པ་དང་། ཀླད་པ་བདེ་ཐང་ཡོང་ཐུབ་པས། ཀླད་པ་བརྒྱུད་ནས་མངལ་གནས་བྱིས་པར་ཁྲག་རྒྱུན་དང་དབྱང་དབུགས་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ད་དུང་རྙིང་ཚབ་གསར་བརྗེ་དང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་ཐུབ།

སྦྲུམ་མར་མཚོན་ནས་བཤད་ན། འགུལ་སྐྱོད་ཀྱིས་ཁྲག་རྒྱུན་འཁོར་རྒྱུག་དང་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་སྤེལ་དང་། གློ་སྙིང་གི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ཤ་གནད་ལས་བསྐྱེད་པའི་འཚོ་བཅུད་ཇེ་མང་དུ་གཏོང་བར་མ་ཟད། སྦྲུམ་མའི་ལུས་སྟེང་གི་རུས་པ་སྙི་མོར་འགྱུར་བ་དང་སོ་འགུལ་བ་སོགས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་ཐུབ།

དེ་མིན་འགུལ་སྐྱོད་བྱས་ན་མངལ་སྦྲུམ་པའི་སྐབས་སུ་ཐང་ཆད་པའི་ངལ་བ་སེལ་ཞིང་མངལ་སྦྲུམ་སྐབས་ཞེ་མེར་བ་དང་སྐྱུག་མེར་ལངས་པ་སོགས་མི་བདེ་བའི་ཚོར་བ་འགོག་ཐུབ། མངལ་སྦྲུམ་པའི་སྐབས་སུ་འགུལ་སྐྱོད་བྱས་ན་ཟ་མ་ཟ་ཐུབ་པ་དང་། གཉིད་ཁུག་ཚད་ཀྱང་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ད་དུང་སེམས་ཁམས་སྐྱིད་པོ་ཡོང་བ་དང་། བྱིས་པ་བདེ་བླག་ངང་བཙའ་བར་ཕན་པ་མི་ཉུང་བ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།