མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་མཆོག་གི་ལོ་ཚིགས་དུས་དྲན་བཞུགས་མོལ་ཚོགས་འདུ་བསྡུས།
2020.01.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 34

ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་རྟ་མགྲིན་རྒྱལ་ལགས་སྐུ་གྲོངས་ནས་ལོ་འཁོར་གཅིག་འཁོར་བའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་མཚོ་སྔོན་སློབ་ཆེན་གྱི་གསུང་རབ་ལྟ་ཀློག་ཁང་དུ་བསྡུས་པ་དང་། ཐེངས་འདིའི་ཚོགས་འདུར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་། མཚོ་སྔོན་བོད་སྨན་རིག་གནས་རྟེན་མཛོད་ཁང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་སྡེ་ཚོགས།  རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་ལས་ཁུངས་དང་ཁྱིམ་མི། མཐར་ཕྱིན་སློབ་མ། སློབ་གླིང་གི་དགེ་རྒན། ཞིབ་འཇུག་སློབ་མ། དངོས་གཞི་སློབ་མའི་འཐུས་ཚབ་བཅས་མི་སྣ་དྲུག་ཅུ་ལྷག་ཞུགས་པ་དང་། བོད་ལུགས་གསོ་རིག་སློབ་གླིང་གི་ཧྲུའུ་ཅི་སྒྲོལ་མ་འབུམ་གྱིས་ཚོགས་འདུར་མདོ་འཛིན་བྱས། ཐོག་མར་སློབ་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ་གྱིས་དགེ་རྒན་ཁོང་ཉིད་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོ་ནས་སློབ་གླིང་འདིར་ཕྱག་ལས་གནང་བའི་རིང་ལ་རིག་ཚན་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བཅས་ཀྱི་ཐད་བྱས་རྗེས་མངོན་གསལ་བཞག་པ་དང་། ཁྱད་པར་དུ་ལུས་སེམས་ཀྱི་རྣམ་གཞག་དང་འབྲེལ་བའི་ཐད་ནང་དོན་རིག་པ་དང་སྦྱར་ཏེ་འཆད་ཉན་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཡོད་པར་གདེང་འཇོག་བྱས། སྔ་གཞུག་ཏུ་དགེ་རྒན་ཆེན་མོ་ཀརྨ་ཚོགས་གཉིས་དང་། ཞིང་ཆེན་བོད་སྨན་ཁང་གི་སྨན་པ་ལྷ་མཁར་རྒྱལ། གསོ་རིག་ཞིབ་འཇུག་གླིང་གི་དགེ་རྒན་རྒྱལ་བ་བཅས་ཀྱིས་དགེ་རྒན་ཁོང་གི་ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་སྟངས་དང་། སྨན་པའི་ཀུན་སྤྱོད་ཐད་ཀྱི་སློབ་གསོ། དམིགས་བསལ་གྱི་ནད་ཐོག་བསམ་གཞིགས་བྱེད་སྟངས། ཁོང་གི་གཞན་དང་མི་མཚུངས་པའི་བསམ་བློ་ཀུན་སྤྱོད་སོགས་ཀྱི་ཐད་ནས་གླེང་མོལ་བྱས། ཉེ་ཚན་གྱི་འཐུས་ཚབ་དགེ་རྒན་ཤ་བོ་བྱམས་རྒྱལ་ལགས་ཀྱིས་རྒན་ཁོང་གི་མི་ཚེ་ཧྲིལ་བོ་དང་སློབ་སྦྱོང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། གླིང་གཙོ་གཞོན་པ་བསམ་གྲུབ་རྒྱལ་ལགས་ཀྱིས་དགེ་རྒན་དམ་པ་ཁོང་གི་ཐུན་མིན་རིག་གཞུང་བསམ་བློ་དང་དེ་དག་རྒྱུད་འཛིན་ཇི་ལྟར་བྱེད་དགོས་པའི་ངོས་ནས་བགྲོ་གླེང་བྱས། སློབ་གླིང་གི་དགེ་རྒན་གྱི་འཐུས་ཚབ་བཀྲ་ཤིས་དོན་གྲུབ་དང་མཐར་ཕྱིན་སློབ་མའི་འཐུས་ཚབ་སྟག་འབྲུག་ཚེ་རིང་གཉིས་ནས་སོ་སོར་རྒན་མཆོག་གིས་ཞིབ་འཇུག་སློབ་མར་མཛུབ་སྟོན་དང་དངོས་གཞིའི་སློབ་མའི་བསླབ་ཚན་བཅོས་བསྒྱུར་ལ་འབད་བརྩོན་ལྷོད་མེད་བྱས་པའི་ཐད་ནས་གཏམ་བཤད་བྱས། མཐར་གླིང་གཙོ་གཞོན་པ་དཔལ་ཆེན་གསང་བདག་ལགས་ཀྱིས་ཐེངས་འདིའི་དུས་དྲན་བཞུགས་མོལ་ཚོགས་འདུ་འདི་བརྒྱུད་ནས་སློབ་དཔོན་ཆེན་མོ་ཁོང་གི་བོད་ཀྱི་གསོ་རིག་བྱ་བཞག་ཐད་ལ་བཞག་པའི་བླ་མེད་ཀྱི་མཛད་རྗེས་དང་། ཉེས་གསུམ་གསོ་བ་དང་ཚ་བ་གསོ་བ། ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་ཐུན་མོང་མ་ཡིན་པའི་འཆད་ཉན་བྱེད་སྟངས་དང་། ཁྱད་ཆོས་ལྡན་པའི་རིག་གཞུང་གི་ལྟ་བ་དག་རྒྱུད་འཛིན་དང་ཁྱབ་སྤེལ་བྱེད་དགོས་པའི་ཐད་རེ་ཞུ་དང་བཅས་ཏེ་ཚོགས་འདུའི་མཇུག་བསྡུས་སོ། །

རྩོམ་སྒྲིག་པ། འབྲུག་མོ།