ཟླ་གཉིས་པའི་ཚེས་བཞི་ཉིན། ཟི་ལིང་ཚའོ་ཅ་པུའུ་གནམ་གྲུ་ཐང་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཉེར་ལྔའི་སྨན་བཅོས་ནད་གཡོག་མི་སྣ་བརྒྱ་དང་གཉིས་ཀྱིས་གྲུབ་པའི་རང་ཞིང་གི་སྨན་བཅོས་རུ་ཁག་སྐོར་གཉིས་པས་ཐུན་མོང་དམ་བཅའ་བཞག་སྟེ། ཧུའུ་པེ་ལ་རོགས་སྐྱོར་བྱེད་པར་ཆས། ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདམས་དཔོན་པོ་ལིག་ཉིང་གིས་གནམ་གྲུ་ཐང་ནས་སྐྱེལ་མ་བྱས་ཏེ། སྨན་བཅོས་རུ་ཁག་ལ་དར་ཆ་གནང་བར་མ་ཟད་ལམ་ལ་ཆས་པ་ཁྱབ་བསྒྲགས་བྱས།
ལིག་ཉིང་གིས་བཤད་རྒྱུར། དེང་སྐབས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བ་གནད་འགག་གི་སྐབས་སུ་སླེབས་ཡོད། ཁ་སང་། སྤྱི་་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ང་ཚོར་ཡིད་ཆེས་ཆེར་བསྐྱེད་དང་དཀའ་སྡུག་མཉམ་མྱོང་། ལུགས་མཐུན་འགོག་བཅོས། གནད་ཁེལ་ཇུས་བསྟར་བཅས་བྱས་ཏེ། དུས་ཚོད་དམ་འཛིན་གྱིས་ནད་གདོན་དང་འཐབ་ནས། རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་མོ་ལས་རྣམ་པར་རྒྱལ་དགོས་པའི་ཐུགས་རེ་བཏོན་ཡོད་ལ། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཡུལ་གལ་འགངས་ཆེ་ཤོས་ཡིན་ལ། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པར་རྒྱལ་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། མྱུར་སྐྱོབ་སྨན་བཅོས་ཀྱི་ཐོན་ཁུངས་དང་འགོག་སྲུང་ཐོན་ཁུངས་མཐའ་གཅིག་ཏུ་རིམས་ནད་འགོག་རྒོལ་བྱེད་ཡུལ་དུ་གཅིག་བསྡུས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ནད་པར་མྱུར་སྐྱོབ་སྨན་བཅོས་བྱེད་དགོས་ལ། འབད་བརྩོན་ཆེན་པོས་ནད་པར་བསྡུ་ལེན་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་འབྱུང་ཚད་ཇེ་མཐོ་དང་ནད་དུག་འགོས་ཚད་དང་ནད་པ་ཚེ་ལས་འདས་ཚད་ཇེ་དམའ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད། ཁྱོད་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ནས། བཀའ་འབྱོར་མ་ཐག་མྱུར་དུ་གྲ་སྒྲིག་བྱས་ཏེ་ལམ་ལ་ཆས་པ་འདིས་ཚེ་སྲོག་བཀུར་བསྟི་དང་སྲོག་སྐྱོབ་རྨས་གསོ། རང་ཉིད་བློས་གཏོང་། བྱམས་བརྩེ་མཐའ་ཡས་བཅས་ཀྱི་སྨན་པའི་བྱམས་སེམས་དང་སེམས་འདུན་འགན་འཁྲི་མཚོན་ཡོད། ཁྱོད་ཚོོ་ནི་མཛེས་པའི་མཚོ་སྔོན་གྱི་འོད་དུ་འཚེར་བའི་ཁ་དོག་ཡིན་པས། ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྱོད་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།
ལིག་ཉིང་གིས་བཤད་རྒྱུར། དེ་རིང་ནི་དཔྱིད་འགོ་ཚུགས་པའི་ཉི་མ་རེད། ཁྱོད་ཚོའི་ཁྲོད་ཀྱི་མི་མང་ཆེ་ཤོས་ནི་ནད་གཡོག་ཡིན་ལ། ཁྱོད་ཚོ་ནི་སྒྲོན་མེ་བཏེགས་པའི་ལྷ་མོ་དང་དཔྱིད་ཀྱི་དཔལ་མོའི་ཕོ་ཉ། མཚོ་སྔོན་གྱི་ཕོ་ཉ་བཅས་ཡིན་ཞིང་། ཁྱོད་ཚོས་སྒེར་སེམས་དང་ཕངས་པ་ཅི་ཡང་མེད་པར་བྱས་རྗེས་བཞག་སྟེ་ནད་པ་རྣམས་ལ་དཔྱིད་རླུང་ལྟ་བུའི་དྲོལ་ཁོལ་སྦྱིན་ངེས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་དུ་བླངས་ནས། ནན་ཏེན་ཀི་ཨར་མིག་དཔེར་བཟུང་ཞིང་། བློས་གཏོང་ནི་ཐོབ་འབྲས་ཡིན་ལ་འབད་བརྩོན་ནི་བྱས་རྗེས་ཡིན་པའི་སྙིང་སྟོབས་བཅངས་པ་དང་། རྣམ་དག་ལྷད་མེད་ཀྱི་གཅེས་སེམས་དང་བཟོད་སེམས་ཆེས་ཆེན་པོ་བཅངས་ཏེ། ལུས་ཤུགས་དང་སེམས་ཤུགས་ནད་པར་མྱུར་སྐྱོབ་སྨན་བཅོས་བྱེད་པར་བཏོན་ནས། ཚད་གཞི་དང་སྤུས་ཚད་མཐོན་པོས་ལས་འགན་སོ་སོ་ཡོངས་འགྲུབ་བྱེད་དགོས་ཟེར།
ལིག་ཉིང་གིས་བཤད་རྒྱུར། ཁྱོད་ཚོ་མཚོ་སྔོན་དང་ཧུའུ་པེ་གང་དུ་ཡོད་རུང་། ནམ་ཡང་ཚང་མའི་སེམས་ཁོངས་སུ་ཡོད། རིམས་ནད་ཀྱི་མདུན་དུ་མཚོ་སྔོན་མི་དམངས་དང་ཧུའུ་པེ་མི་དམངས་ཀྱི་སེམས་དང་ལག་པ་མཉམ་དུ་སྦྲེལ་ཏེ་དཀའ་ངལ་མཉམ་སེལ་བྱེད་བཞིན་ཡོད། དེང་སྐབས་རང་ཞིང་གི་ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་སྐོར་དང་བོས་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲིག་ཆུའུ་ནས་སྨན་བཅོས་མྱུར་སྐྱོབ་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་བཞིན་ཡོད། ཕ་རོལ་ཧུའུ་པེ་ནས་ཁྱོད་ཚོས་རང་ཉིད་ཀྱི་དཀའ་སྤྱད་དང་སྤྱིར་བཏང་མིན་པའི་བྱ་བར་བརྟེན་ནས་ནད་པ་རྣམས་ལ་བདེ་འཇགས་དང་བདེ་སྐྱིད་བསྐྲུན་ངེས་ལ། ཚུར་རོལ་ཕ་ཡུལ་ནས་རིགས་སོ་སོའི་མང་ཚོགས་ས་ཡ་དྲུག་ལྷག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནི་ཁྱོད་ཚོར་འགྱུར་བ་མེད་པར་རྒྱབ་སྐྱོར་བྱེད་མཁན་ཡིན། ང་ཚོས་ཁྱོད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་པ་དང་ཁྱོད་ཚོའི་གཟི་བརྗིད་ཀྱི་མེ་ཏོག་ལ་ནམ་ཡང་བཀྲག་མདངས་འཚེར་བར་རེ་སྒུག་བྱེད། ང་ཚོས་ཁྱོད་ཅག་གིས་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་བསྒྲུབ་པ་དང་མཉམ་དུ། རང་གིས་རང་ལའང་གཅེས་སྐྱོང་བྱས་ཏེ་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་དང་བདེ་འཇགས་ངང་ཕྱིར་ལོག་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་ལམ་ལ་ཆས་པའི་མཛད་སྒོར་འགོ་འཛིན་བྱས།
རྩོམ་སྒྲིག་པ། འབྲུག་མོ།