རང་ལ་འཚམ་པའི་ལུས་སྦྱོང་རྣམ་གྲངས་བདམ་དགོས། ལོ་ལོན་རྒན་པས་ལུས་ཕུང་སྦྱོང་བརྡར་མ་བྱས་པའི་སྔོན་ལ་ལུས་ཕུང་ལ་ཞིབ་བཤེར་ཐེངས་གཅིག་བྱས་རྗེས། རང་ཉིད་ལ་འཚམ་པའི་ལུས་ཕུང་སྦྱོང་བརྡར་རྣམ་གྲངས་བདམ་དགོས། ལུས་ཕུང་སྦྱོང་བརྡར་མ་བྱས་སྔོན་གྱི་ལུས་པོའི་ཞིབ་བཤེར་མཇུག་འབྲས་དང་སྦྱོང་བརྡར་རྗེས་ཀྱི་ལུས་པོའི་གནས་ཚུལ་གཤིབ་བསྡུར་བྱས་ཏེ། ལུས་ཕུང་སྦྱོང་བརྡར་གྱི་ཕན་འབྲས་ཇི་ལྟ་བུ་ཡིན་པར་བརྡར་ཤ་བཅད་ཆོག ལོ་ལོན་རྒན་པས་ལུས་ཕུང་སྦྱོང་བརྡར་བྱེད་ན། ངེས་པར་དུ་བདེ་ཐང་གི་གནས་ཚུལ་དང་ལུས་ཕུང་སྦྱོང་བརྡར་གྱི་ཆ་རྐྱེན། དགའ་ཕྱོགས་སོགས་གཞིར་བཟུང་ནས་བདམ་གསེས་བྱེད་དགོས།
ལུས་ཕུང་སྦྱོང་བརྡར་བྱེད་སྐབས་རང་གིས་རང་ལ་དཔྱད་ཞིབ་ཚད་ལེན་བྱེད་དགོས། རང་གིས་རང་ལ་དཔྱད་ཞིབ་ཚད་ལེན་བྱེད་པ་ཞེས་པ་ནི་ལུས་ཕུང་སྦྱོང་བརྡར་གྱི་གོ་རིམ་ཁྲོད་རྒྱུན་པར་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལ་ལྟ་ཞིབ་དང་། ཟིན་ཐོ་འགོད་པའམ་གདེང་འཇོག་བྱེད་པ་བཅས་ལ་བསྟན་པ་ཡིན། སྙིང་ནད་དང་ཁྲག་ཤེད་མཐོ་བ། ཀླད་རྩའི་ནད་སོགས་ཡོད་པའི་ནད་པས་སྦྱོང་བརྡར་བྱེད་སྐབས་ཉེ་འགྲམ་དུ་སྦྱོང་བརྡར་བྱེད་རོགས་ཡོད་དགོས་པར་མ་ཟད། ད་དུང་ནམ་ཡང་མྱུར་སྐྱོབ་སྨན་རྫས་གྲ་སྒྲིག་བྱེད་པར་གོམས་དགོས།
ལུས་ཕུང་སྦྱོང་བརྡར་བྱེད་སྟངས་མི་སོ་སོ་དང་བསྟུན་དགོས། ལོ་ཚོད་དང་ཕོ་མོའི་དབྱེ་བ། བདེ་ཐང་གནས་ཚུལ། བྱ་བའི་ངོ་བོ། སྦྱོང་བརྡར་གྱི་རྨང་གཞི། དགའ་ཕྱོགས་སོགས་ཀྱི་དབང་གིས་སྦྱོང་བརྡར་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པས། ལོ་ལོན་རྣམས་ཀྱི་འགུལ་སྐྱོད་བྱེད་སྟངས་ཀྱང་གཅིག་གྱུར་ཡིན་པའི་ངེས་པ་མེད།
ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་དགོས། ཉིན་རེར་ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་པ་དང་། ཉིན་རེར་ལུས་ཕུང་སྦྱོང་བརྡར་བྱེད་ཡུན་དུས་ཚོད་ཕྱེད་ཀའི་རིང་རྒྱུན་འཁྱོངས་བྱེད་དགོས་མོད།འོན་ཀྱང་ལུས་ཕུང་སྦྱོང་བརྡར་བྱེད་པར་དཀའ་ཁག་ལྡན་ན་གཟའ་འཁོར་གཅིག་གི་ནང་ཐེངས་གསུམ་ལ་སྦྱོང་བརྡར་བྱེད་དགོས། དུས་མཚུངས་སུ་ལུགས་མཐུན་གྱིས་དུས་ཚོད་བཀོད་སྒྲིག་བྱས་ཏེ་ལུས་ཕུང་སྦྱོང་བརྡར་གྱི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས།
ལུས་ཕུང་སྦྱོང་བརྡར་བྱེད་ཚད་རིམ་གྱིས་ཇེ་མཐོར་གཏོང་དགོས། ལུས་ཕུང་སྦྱོང་བརྡར་བྱེད་སྐབས་སེམས་ལ་བྲེལ་བ་ལངས་ནས་མྱུར་མོར་འགྲུབ་ཏུ་འཇུག་པའི་བསམ་ཚུལ་ཡོད་མི་རུང་། དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པ། གོ་རིམ་ལྡན་པའི་སྒོ་ནས་སྦྱོང་བརྡར་བྱེད་དགོས། ཐོག་མར་སྦྱོང་བརྡར་བྱེད་སྐབས་དལ་བ་ནས་རིམ་གྱིས་ཇེ་མགྱོགས་སུ་གཏོང་དགོས། དུས་ཡུན་ངེས་ཅན་ནང་ལུས་སྦྱོང་བྱས་རྗེས། གལ་ཏེ་ལུས་པོར་ཚ་ལངས་པ་དང་རྔུལ་ཆུ་བཞུར་བ། ལུས་པོར་སྐྱིད་སྣང་དང་གཉིད་ཁུགས་པ་སོགས་ཀྱི་སྣང་ཚུལ་བྱུང་ན་ལུས་ཕུང་སྦྱོང་བརྡར་བྱེད་ཚད་རན་པོ་ཡིན་ལ།ཕུང་བོར་ཕན་འབྲས་ཐོན་གྱིན་ཡོད་པས་རྒྱུན་འཁྱོངས་བྱེད་དགོས། ལུས་སྦྱོང་བྱེད་སྐབས་སླ་མོ་ནས་དཀའ་བ་དང་། སྟབས་བདེ་ནས་སྣ་མང་ཅན་དུ་གཏོང་བ་དང་།དལ་བ་ནས་མགྱོགས་པོར་གཏོང་བར་བརྩོན་པའི་མཚུངས་སུ། སྦྱོང་བརྡར་བྱེད་སྟངས་དང་ཐབས་ཤེས་ཁོང་དུ་ཆུད་པར་བྱེད་དགོས། །
གོང་གི་ཤེས་བྱ་འདི་མཚོ་སྔོན་ཞིང་ཆེན《བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།