སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་ཆེད། ཏོག་གསར་གློ་ཚད་ལ་ཁ་གཏོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ནང་རྐྱེན་གྱི་འབྲེལ་ཡོད་མཛུབ་སྟོན་བསམ་འཆར་གྱི་བླང་བྱ་ལྟར། རང་ཞིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཁག་བགོས་རིམ་བགོས་ཀྱིས་གནད་ཁེལ་ཇུས་བསྟར་བྱེད་པའི་བྱ་བའི་ཇུས་གཞི》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཐོག་ལག་བསྟར་བྱེད་རྒྱུ་རེད། ཇུས་གཞིའི་བླང་བྱ་ནི།
གཅིག “གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད། ཁག་བགོས་རིམ་བགོས། གནད་ཁེལ་ཇུས་བསྟར”བཅས་ཀྱི་རྩ་དོན་ལ་དམིགས་ནས། ཚན་རིག་ལྟར་རིམས་ནད་ཀྱི་གནས་ཚུལ་དབྱེ་ཞིབ་བྱས་ཐོག ཉེན་ཁ་དཔྱད་དཔོག་བྱེད་པར་ཤུགས་སྣོན་པ་དང་། ཁག་བགོས་རིམ་བགོས་ཀྱིས་ཧེ་བག་ཅན་གྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་བཟོས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཉིས་མཉམ་དུ་འཛིན་པ་དང་། གཉིས་ཀར་འགོར་འགྱངས་མི་བྱེད་པ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ།
གཉིས། ནད་དཔེ་གསར་པ་བྱུང་མིན་གྱི་སྙན་ཞུ་དང་ཕྱིར་མཚོ་སྔོན་དུ་ལོག་པ་དང་མཚོ་སྔོན་ལ་ཡོང་བའི་མི་གྲངས། མི་འབོར་འདུས་ཚད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ། མི་འབོར་འཁོར་རྒྱུག་བྱེད་ཚད། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས། ས་གཤིས་ཆགས་སྟངས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་བློ་བཏང་ཐོག ཞིང་ཆེན་ཡོངས་ཀྱི་རྫོང45པོ(གྲོང་ཁྱེར།ཆུས།སྲིད་འཛིན་ཨུ་ཡོན་ལྷན་ཁང)གཙོ་གནད་འགོག་བཅོས་ཚོད་འཛིན་གྱི་ས་ཁུལ་དང་གཙོ་གནད་མ་ཡིན་པའི་འགོག་བཅོས་ཚོད་འཛིན་གྱི་ས་ཁུལ། སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ་བཅས་རིགས་གསུམ་དུ་དབྱེ་རྒྱུ།
གསུམ། གཙོ་གནད་འགོག་བཅོས་ཚོད་འཛིན་གྱི་ས་ཁུལ4(ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཆུས་དང་མཁར་བྱང་ཆུས།ཧོང་ཀྲུང་ཆུས།མཚོ་བྱང་ཁུལ་གྱི་མིན་ཡོན་རྫོང་བཅས་རེད)ཡོད་པ་དང་། གཙོ་གནད་མ་ཡིན་པའི་འགོག་བཅོས་ཚོད་འཛིན་གྱི་ས་ཁུལ16(ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཆུས་དང་མཁར་ནུབ་ཆུས།ཧོང་ཡོན་རྫོང་།ཏ་ཐུན་རྫོང་།མཚོ་ཤར་གྲོང་ཁྱེར་གྱི་ལའོ་ཏུའུ་ཆུས་དང་ཕེན་ཨན་ཆུས།ཧུའུ་ཀྲུའུ་རྫོང་།མེན་ཧོ་རྫོང་།ཧྭ་ལུང་རྫོང་།ཞུན་ཧྭ་རྫོང་།མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་། མཚོ་ལྷོ་ཁུལ་གྱི་གུང་ཧོ་རྫོང་། ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་རྫོང་། མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་། རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་བཅས་རེད)ཡོད་ལ། སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ25(མཚོ་ནུབ་ཁུལ་གྱི་མང་ཨེ་གྲོང་ཁྱེར་དང་ཨོ་ལན་རྫོང་།ཐེམ་ཆེན་རྫོང་།ཏ་ཁྲའེ་ཏན་སྲིད་འཛིན་ཨུ་ཡོན་ལྷན་ཁང་།ཏུའུ་ལན་རྫོང་། མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་།མཚོ་བྱང་ཁུལ་གྱི་ཧེ་ཡན་རྫོང་དང་ཆི་ལེན་རྫོང་། རྐང་ཚ་རྫོང་། ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ནང་ཆེན་རྫོང་།མགོ་ལོག་ཁུལ་གྱི་པད་མ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། གཅིག་སྒྲིལ་རྫོང་། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་ཧི་ནན་རྫོང་། གཅན་ཚ་རྫོང་བཅས་རེད)ཡོད། རིགས་མི་འདྲ་བ་ལྟར་གཅིག་གྱུར་འཆར་འགོད་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱས་ནས། རང་ཞིང་གི་ཁག་བགོས་རིམ་བགོས་ཀྱི་ཧེ་བག་ཅན་དང་གནད་ཁེལ་ཅན་གྱི་འགོག་བཅོས་ཚོད་འཛིན་ཐབས་ཇུས་མངོན་འགྱུར་བྱེད་རྒྱུ།
བཞི། རྫོང་ཁོངས་རེ་སྡེ་ཚན་བྱས་ནས། ཁག་བགོས་རིམ་བགོས་ལྟར་ཧེ་བག་ཅན་གྱི་བྱེད་ཐབས་གཏན་འབེབས་བྱེད་པ། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་དང་སྡེ་ཁུལ་མཉམ་འགོག་མཉམ་འཛིན་གྱི་ནང་རྐྱེན། མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་ལས་གཉེར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་གེགས་མེད་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་པ་བཅས་ཕྱོགས་ལྔ་ནས་རེ་རེ་བཞིན་ཧེ་བག་ཅན་གྱི་བླང་བྱ་འདོན་པ།
ལྔ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་དང་དུ་བླངས་ནས་ཅི་གསུང་དེ་སྒྲུབ་བྱེད་དགོས། སྤྱི་ཡོངས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། གཅིག་གྱུར་འཆར་འགོད་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། རང་ས་ཁུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པའི་བྱ་བར་རྩ་འཛུགས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། “གཉིས་ཀ་མཉམ་དུ་འཛིན་པ་དང་། གཉིས་ཀར་སྐུལ་འདེད་བྱེད་པ། གཉིས་ཀ་འགོར་འགྱངས་མི་བྱེད་པ ”རྒྱུན་འཁྱོངས་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགན་འཁྲི་དངོས་གནས་ལག་བསྟར་བྱེད་དགོས། རང་ས་ཁུལ་གྱི་མི་སྣ་འཁོར་རྒྱུག་དང་འདུས་སྡོད། ཁུལ་གནས་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ཁག་བགོས་རིམ་བགོས་ཀྱིས་ཧེ་བག་ཅན་གྱི་འགོག་བཅོས་ཚོད་འཛིན་དང་སྐོར་སྐྱོད་ཅན་གྱི་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པ་དང་། རང་ས་ཁུལ་གྱི་གནད་ཁེལ་ཇུས་བསྟར་བྱ་བའི་ཇུས་གཞི་དུས་ཐོག་ཏུ་གཏན་འབེབས་བྱེད་པ། ཆ་འཕྲིན་ཕན་ཚུན་བརྒྱུད་སྤེལ་དང་བྱེད་ཐབས་ཕན་ཚུན་བརྗེ་རེས་ཡོང་བར་བྱས་ཏེ། སྔར་བས་ཚན་རིག་དང་ལྡན་ཞིང་གནད་ལ་ཁེལ་བའི་སྒོ་ནས་འགོག་བཅོས་ཚོད་འཛིན་དང་ཐག་གཅོད་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། །
རྩོམ་སྒྲིག་པ། འབྲུག་མོ།