མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐུན་མིན་ལེགས་ཆ་འདོན་སྤེལ་བྱས་ནས་ཏོག་གསར་གློ་ཚད་ཕྱོགས་བསྡུས་འགོག་བཅོས་བྱས་པ།
2020.02.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 20

ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྨན་སྲིད་སྨན་དོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧོང་ལི་ཁྲེང་གིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་སྐྱོབ་བཅོས་་ལས་དོན་གནས་ཚུལ་བརྡ་ཁྱབ་གཏོང་སྐབས་ངོ་སྤྲོད་བྱས་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནུས་པ་དང་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ལེགས་པར་བསྒྲུབས་ཡོད།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས“སྨན་བཅོས་ཇུས་གཞི་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་མཐའ་འཁྱོངས”ཀྱི་སྤྱིའི་ལས་ཀའི་བླང་བྱ་གཞིར་བཟུང་ནས། ཀྲུང་ལུགས་གསོ་རིག་གི་ལེགས་ཆ་རང་འགུལ་ངང་འདོན་སྤེལ་ཧུར་ཐག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པ་རེད། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུའུ་ཡི་བཀོད་སྒྲིག་ལྟར། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ནད་བརྟག་སྨན་བཅོས་ཇུས་གཞི་བཟོས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། ད་ཐེངས་ཀྱི་རིམས་ནད་ཁྲོད་ཀྱི་ནད་རྐྱེན་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་དང་དེ་བཞིན་ས་མཐོའི་ས་ཁོངས་ཀྱི་ཁོར་ཡུག་དང་མི་ཚོགས་ཀྱི་ལུས་ཁམས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།  ཀྲུང་ལུགས་གསོ་རིག་གི་རིགས་གཞུང་གཞིར་བཟུང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནད་གཞི་བརྟག་དཔྱད་དང་དཔང་རྟགས་དབྱེ་འབྱེད་ཟུང་འབྲེལ་གྱི་རྩ་དོན་ལ་གཞིགས་ཏེ《མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་དང་པོ)》བཟོས་པ་དང་འབྲེལ་ཞིང་ཆེན་ཡོངས་སུ་ལག་བསྟར་བྱ་རྒྱུར་སྤྲད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཁྲོད་(བོད་ལུགས)གསོ་རིག་ཟུང་འབྲེལ་གྱིས་སྐྱོབ་བཅོས་བྱེད་པའི་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁྲོད་ཀྱི་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་གཏན་འཁེལ་གྱི་ནད་དཔྱད་དང་། སྐྱོབ་བཅོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཡོད་པ་རེད། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་སོགས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཁྲིད། ཚན་ཞིབ་ཚན་པ་བཅས་ཀྱིས་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི“བོད་སྨན་གསར་པ་གསར་སྤེལ་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང”གི་ལས་སྟེགས་ལ་བརྟེན་ནས“བོད་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་འགོག་བཅོས་བྱེད་པའི་ཉེར་སྤྱོད་ཞིབ་འཇུག”སོགས་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་དུས་ཐོག་ཏུ་ལྷ་རྗེ་དགེ་རྒན་ཆེན་མོ་བ་ཉི་མ་དང་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་སངས་རྒྱས་བཅས་ཚུད་པའི་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ནས། མཚོ་སྔོན་གྱི་ཏོག་གསར་གློ་ཚད་སྔོན་འགོག་ལས་དོན་ཁྲོད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཇུས་གཞི་བཟོ་རྒྱུའི་ནང་ཧུར་ཐག་ཞུགས་ནས། བོད་རྒྱ་ཤན་སྦྱར་གྱི་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི་པར་འགྲེམས་བྱས་ནས་ས་གནས་ཁག་ལ་སྤྲད་ཡོད། ལྷ་རྗེ་དགེ་རྒན་ཆེན་མོ་བ་ཨ་ཁུ་ཉི་མས་དངོས་སུ་མཛུབ་ཁྲིད་གནང་ནས་ནད་ཡམས་སྔོན་འགོག་གི་སྨན་ཐུམ་ནག་པོ་དགུ་སྦྱོར་3500འཕྲལ་མར་བཟོས་ཏེ། ཧུའུ་པེ་ཞིང་ཆེན་དང་ཞིང་ཆེན་ཡོན་སྨན་བཅོས་སྒྲིག་གཞི་དང་། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ལ་ཞལ་འདེབས་ཕུལ་བ་རེད། བོད་ལུགས་གསོ་རིག་གིས་རིམས་ནད་འགོག་བཅོས་བྱེད་པའི་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཚན་རྩལ་ཐིང་གི་ཏོག་གསར་གློ་ཚད་འགོག་བཅོས་ཀྱི“རིམས་ནད་སྔོན་འགོག་བྱེད་པའི་ནག་པོ་དགུ་སྦྱོར་གསར་སྤེལ་ཐེངས་གཉིས་པ་བྱས་ནས་ནད་དུག་རང་བཞིན་གྱི་གློ་ཚད་ཀྱི་ནད་ཐོག་སྨན་བཅོས་ཀྱི་སྔོན་འགོག་ཚོད་འཛིན་ནུས་པར་དཔྱད་དཔོགས་བྱེད་པའི”རྣམ་གྲངས་སྒྲིག་བཟོ་དང་། རིགས་པས་ཁུངས་སྐྱེལ། རེ་ཞུ་བཅས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། འབྲུག་མོ།