རྒན་པར་འཚམ་པའི་འགུལ་སྐྱོད་བྱེད་སྟངས་གང་དག་ཡོད།
2020.03.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

འཆམ་འཆམ་དུ་འགྲོ་བ། སྤྱི་གླིང་དང་ཁོར་ཡུག་ལེགས་པའི་ས་ཆ་བདམས་ནས་ལུས་སྦྱོང་བྱས་ན། ལུས་ཡོངས་ཀྱི་ཤ་གནད་དང་རུས་ཚིགས་ལ་སྦྱོང་བརྡར་ཐོབ་ཐུབ་པར་མ་ཟད། གློ་སྙིང་ལ་སྦྱོང་བརྡར་དང་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པས། རྒན་པའི་ལུས་སྟེང་གི་རུས་ཚིགས་ལ་གནོན་ཤུགས་ཐེབས་མི་སྲིད། ཟ་མ་ཟོས་རྗེས་འཆམ་འཆམ་དུ་སོང་ན་ཟས་རིགས་འཇུ་བར་ཕན་པ་ཡོད། སྙིང་ནད་དང་ཁྲག་ཤེད་མཐོ་བའི་ནད་པ་དང་རུས་ཚིགས་ན་བའི་རྒན་པ་རྣམས་དལ་མོའི་ངང་ནས་འཆམ་འཆམ་དུ་སོང་ན(སྐར་མ་རེར་གོམ་པ60ནས90བར་བགྲོད་པ་དང་ཐེངས་རེར་སྐར་མ30ལ་བགྲོད་པ)ལུས་པོ་བདེ་ཐང་ཡོང་བར་ཕན་པ་དང་། དལ་གཤིས་གྲུམ་ནད་དང་ཁྲག་ཤེད་མཐོ་བའི་ནད་སླར་གསོ་འབྱུང་བའི་སྐབས་སུ།ཅུང་མགྱོགས་པོའི་ངང་ལུས་སྦྱོང་བྱས་ན(སྐར་མ་རེར་གོམ་པ100ཡས་མས་བགྲོད་པ་དང་ཐེངས་རེར་སྐར་མ30ནས60བར་བགྲོད་པ།)ཕན། གློ་བའི་གཉན་ཚད་དང་གློ་བ་རླུང་སྐྲངས་ཀྱི་ནད་རིགས་ལ་དཔུང་བ་འགུལ་བའི་ལུས་སྦྱོང་བྱས་ན་ལེགས།

ཆུར་རྐྱལ་བ། རྒན་པ་རྣམས་ལ་མཚོན་ན་ཆུར་རྐྱལ་བ་ནི་ཐང་ལ་འགྱེལ་བ་འགོག་སྲུང་བྱེད་ཐུབ་པའི་སྦྱོང་བརྡར་ཞིག་ཡིན་ལ། ཆུར་རྐྱལ་ན་སྟོབས་ཤུགས་སྦྱོང་བརྡར་བྱེད་པར་ཕན་པར་མ་ཟད་ཤ་གནད་དང་རུས་ཚིགས་ལ་གནོད་པ་ཐེབས་མི་སྲིད།

ཞབས་བྲོ་འཁྲབ་པ། ཞབས་བྲོ་འཁྲབ་པ་ནི་ལུས་པོར་ལྡེམ་མྱུར་ཆེ་བའི་རྒན་པའི་རིགས་ལ་འཚམ་པ་རེད། རོལ་དབྱངས་གྲགས་པ་དང་བསྟུན་ནས་ཞབས་བྲོ་འཁྲབ་ན་ལུས་ཡོངས་ཀྱི་ཕྲ་ཕུང་འགུལ་སྐྱོད་བྱེད་ཀྱིན་ཡོད་པས། རྒན་པའི་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་ནས་རོལ་དབྱངས་ལ་དགའ་ཞེན་ཆེ་བ་དང་འཚོ་བར་སྤྲོ་སྣང་གིས་ཁེངས་པར་བྱེད་ཐུབ།

ཐའེ་ཅི་དྲག་རྩལ་སྦྱོང་བ། རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་ཁོམ་སྐབས་སུ་རུས་ཁྲིན་ཅན་གྱི་ཐའེ་ཅི་དྲག་རྩལ་དང་། རུས་དབྱང་ཅན་གྱི་ཐའེ་ཅི་དྲག་རྩལ་དང་རིགས་གཞན་པའི་དྲག་རྩལ་སྦྱོང་བརྡར་བྱེད་པར་གོམས་དགོས། རྒྱུན་པར་ཐའེ་ཅི་དྲག་རྩལ་སྦྱངས་ན་ལུས་པོའི་ཡན་ལག་ལ་མཉེན་ཆ་ལྡན་པར་མ་ཟད། སྒལ་ཚིགས་འགུལ་སྐྱོད་བྱེད་ཐུབ་པས་རུས་ཚིགས་ཀྱི་མ་ལག་མཉེན་ཆ་ལྡན་པ་དང་བདེ་ཐང་ཡོང་བར་ཕན་པ་ཡོད། དེ་མིན་རུས་ཚིགས་སྐྱེས་པ་དང་ལྷུ་ཚིགས་རེངས་པོར་འགྱུར་བ་སྔོན་འགོག་བྱེད་ཐུབ་ལ་ཤ་གནད་ལ་ཕན་པ་ཆེན་པོ་ཡོད།

རྩོམ་སྒྲིག་པ། འབྲུག་མོ།