པྲོག་གསར་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ། ཁག་དགུ་བ།
2020.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

36.ནད་བྱུང་བའི་མི་ལ་འབྲེལ་འདྲིས་བྱས་མྱོང་མཁན་ཁྱིམ་ནང་བསྡད་དེ་ཇི་ལྟར་གསོ་རིག་ལྟ་ཞིབ་བྱེད་ཚུལ།

པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་བྱུང་ཡོད་པར་ཐག་བཅད་པའི་མི་ལ་འབྲེལ་འདྲིས་བྱས་མྱོང་བ་གང་དེ། ནད་པར་འབྲེལ་འདྲིས་བྱས་པའི་ཆེས་མཐའ་མའི་ཉིན་ནས་ཉིན་བཅུ་བཞི་ལ་གསོ་རིག་ལྟ་ཞིབ་བྱེད་དགོས། ཁྱིམ་ནང་བསྡད་དེ་ལྟ་ཞིབ་བྱེད་པའི་སྐབས་སུ་གསོ་རིག་ལྟ་ཞིབ་བྱེད་མཁན་དང་འབྲེལ་བ་འཛིན་དགོས་པ་ལས་གཞན། ནད་ཀྱི་གནས་ཚུལ་དང་ནད་གསོའི་གནད་འགག་ཤེས་དགོས་ལ། ཁྱིམ་ཚང་ནས་འགོག་སྲུང་བྱེད་ཐབས་ཏེ། ལག་པ་བཀྲུ་བ་དང་མཁའ་རླུང་རྒྱུ་བ། འགོག་སྲུང་དང་དུག་སེལ་བ་སོགས་བྱེད་ཤེས་དགོས།

(1)ནད་པར་ཆེས་ཉེ་བའི་སྒོ་ནས་འབྲེལ་འདྲིས་མང་པོ་བྱས་མྱོང་མཁན་ནི། རླུང་རྒྱུ་བའི་ཁང་པ་གྱན་གཅིག་གི་ནང་སྡོད་དུ་བཅུག་སྟེ། མི་གཞན་ལ་འབྲེལ་འདྲིས་བྱེད་རྒྱུ་གཏན་འགོག་བྱེད་དགོས།

(2)ནད་པར་ཆེས་ཉེ་བའི་སྒོ་ནས་འབྲེལ་འདྲིས་བྱས་མྱོང་མཁན་གྱི་མིའི་འགྲོ་འདུག་ལ་ཚོད་འཛིན་དང་། ནད་པར་འབྲེལ་འདྲིས་བྱས་མྱོང་བའི་མི་དང་ཁྱིམ་མི་ཚོའི་ཐུན་མོང་གི་འདུ་སར་འགྲོ་འོང་བྱེད་པ་ཇེ་ཉུང་དང་། ཐུན་མོང་གིས་བཀོལ་བའི་གནས་སུ(ཇ་ཁང་དང་ཁྲུས་ཁང་སོགས)མཁའ་རླུང་རྒྱུ་བར་བྱེད་དགོས།(སྒེའུ་ཁུང་ཕྱེ་ནས་འཇོག་དགོས)

(3)ཁྱིམ་མི་རྣམས་ཁང་པ་སོ་སོར་སྡོད་དགོས་པ་དང་། ཆ་རྐྱེན་ཡོད་ན་ནད་པར་ཆེས་ཉེ་བའི་སྒོ་ནས་འབྲེལ་འདྲིས་བྱས་མྱོང་བའི་མི་དང་ཆེས་ཐུང་ནའང་སྨི་གཅིག་གི་བར་ཐག་འཛིན་དགོས། བྱིས་པར་ནུ་མ་ལྡུད་བཞིན་པའི་སྐབས་ཡིན་ན། ཨ་མས་མུ་མཐུད་དུ་བྱིས་པར་ནུ་མ་བླུད་ཆོག

(4)ཁྱིམ་མི་དག་ནད་པ་དང་ཆེས་ཉེ་བའི་སྒོ་ནས་འབྲེལ་འདྲིས་བྱས་མྱོང་བ་གང་དེའི་ཁང་བའི་ནང་འགྲོ་དགོས་པ་བྱུང་ཚེ་ཁ་ཐུམ་རྒྱག་དགོས་པ་དང་། ཁ་ཐུམ་ངོར་དམ་དུ་སྦྱར་ནས་རྒྱག་དགོས་ལ། ནད་པའི་ཁང་བའི་ནང་དུ་ཁ་ཐུམ་ལ་རེག་པ་དང་། ཁ་ཐུམ་ཡང་བསྐྱར་བཅའ་བ་སོགས་བྱེད་མི་རུང་། ཁ་ཐུམ་ཁ་ཆུ་ཡིས་རློན་པར་བྱས་པ་དང་། འབག་བཙོག་ཏུ་བསྒྱུར་ཡོད་ན་ཁ་ཐུམ་གསར་པར་བརྗེ་དགོས། ཁ་ཐུམ་བླངས་ཏེ་གད་སྙིགས་ནང་འཕངས་རྗེས། ངེས་པར་དུ་ལག་ཟུང་གཙང་མར་བཀྲུ་དགོས།

(5)ནད་པར་ཆེས་ཉེ་བའི་སྒོ་ནས་འབྲེལ་འདྲིས་བྱས་མྱོང་མཁན་ལ་འབྲེལ་གཏུག་བྱེད་པ་དང་། ཡང་ན་གང་དེའི་ཁང་པ་དང་ཁ་བྲལ་རྗེས་ལག་པ་གཙང་མར་བཀྲུ་དགོས་པ་དང་། ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་སོང་རྗེས་ལག་པ་འཁྲུད་དགོས། ལག་པ་གཉིས་བཙོག་པོ་མིན་ན་ཆང་བཅུད་ཀྱིས་དུག་སེལ་བྱས་ཀྱང་ཆོག གལ་ཏེ་ལག་ཟུང་བཙོག་པོར་ཡོད་ན། འདག་ཁུ་དང་བཞུར་ཆུས་བཀྲུ་དགོས། (ཆང་བཅུད་བཀོལ་བའི་སྐབས་སུ་ཁ་ནང་དུ་འགྲོ་བ་དང་མེ་དགྲ་ལ་སེམས་ཆུང་བྱེད་དགོས)

(6)འདག་ཁུ་དང་བཞུར་ཆུ་ལ་བརྟེན་ནས་ལག་པ་བཀྲུ་སྐབས། རབ་ཡིན་ན་ཐེངས་རེར་བཀོལ་བའི་ལག་འབྱིད་ཤོག་བུ་ཡིན་ན་བཟང་།དེ་མེད་ཚེ་གཙང་མ་ཡིན་པའི་ལག་ཕྱི་ཡིས་དབྱི་དགོས། ལག་ཕྱིས་རློན་པར་གྱུར་ན་གཞན་ཞིག་ལ་བརྗེ་དགོས།

(7)གློ་བུར་ལུ་རྒྱ་ལངས་པ་དང་ཧབ་སྦྲིད་རྒྱག་སྐབས། ཁ་སྣ་གཅོད་བྱེད་ཀྱི་གཙང་ཤོག་གད་སྙིགས་སུ་འཕངས་རྗེས། ལག་པ་གཙང་མར་བཀྲུ་དགོས། (འདག་རྫས་དང་འདག་ཁུ།ཆུ་གཙང་མ་སོགས་ཀྱིས་བཀྲུ་དགོས)

(8)ཁྱིམ་མིས་ནད་པར་འབྲེལ་འདྲིས་བྱས་པ་མང་བའི་མིའི་དངོས་པོ་ལ་མ་ཐུག་ན་བཟང་། དཔེར་ན། (སོ་ཕྱིས་དང་དུ་བ། གསོལ་ཆས། ཟ་མ། སྐོམ་ཆུ། ལག་ཕྱིས། འཁྲུད་ཕྱིས། ཉལ་གདན་སོགས)གསོལ་ཆས་བཀོལ་སྤྱོད་བྱས་རྗེས་འདག་ཁུ་དང་ཆུ་གཙང་མས་གཙང་མར་བཀྲུ་དགོས།

(9)ཆ་རྐྱེན་འཛོམས་ན། ཁིལ་ལྡན་དུག་སེལ་རྫས་སམ་དབྱངས་འདས་ཁ་སྐྱུར་ཟེར་བའི་སྨན་བཅོས་རྒྱུན་སྤྱོད་ཀྱི་དུག་སེལ་རྫས་བཀོལ་ནས། ཁྱིམ་མི་ཚོས་རྒྱུན་པར་རེག་པའི་དངོས་རྫས་ཏེ། དཔེར་ན་མལ་ཁྲི་དང་སྔས་སྒྲོམ་སོགས་ཉལ་ཁང་ནང་གི་ཁྱིམ་ཆས་དག་ཉིན་རེར་གཙང་སྦྲ་དང་དུག་སེལ་ལན་མང་བྱེད་དགོས་ཤིང་། ཁྲུས་ཁང་དང་སྤྱོད་ཁང་གི་ཕྱི་ངོས་སུ་ཉུང་མཐའ་ཡང་ཉིན་རེར་གཙང་སྦྲ་དང་དུག་སེལ་ལན་རེ་བྱེད་དགོས།

(10)ནད་དུག་འཕྲད་རེག་མྱོང་མཁན་གྱི་གྱོན་ཆས་དང་ཉལ་གདན། ཁྲུས་སྤྱོད་ལག་ཕྱིས་སོགས་འདག་རྫས་སྤྱིར་བཏང་བ་དང་ཆུ་དྭངས་མས་བཀྲུ་བའམ། ཡང་ན་གོས་འཁྲུད་འཕྲུལ་ཆས་ནང60~90℃ཅན་གྱི་ཆུ་དང་ཁྱིམ་སྤྱོད་འཁྲུད་རྫས་དཀྱུས་མས་བཀྲུས་ཏེ་ཡོངས་སུ་བསྐམས་རྗེས། དེ་དག་ཁུག་མ་ཞིག་གི་ནང་དུ་བསྡུ་དགོས། འཁྲུད་པའི་ཚེ་ན་རང་ཉིད་གྱི་ཤ་པགས་དང་གྱོན་ཆས་ལ་ཐུག་རེག་མི་འབྱུང་བའི་ཆེད་དུ། གྱོན་ཆས་དེ་དག་དཀྲུགས་གཡུག་བྱ་མི་རུང་།

(11)ནད་དུག་འཕྲད་རེག་མྱོང་མཁན་གྱི་ཟགས་ཐོན་རྫས་ཀྱིས་བརྫད་པའི་དངོས་རྫས་ཀྱི་ཕྱི་ངོས་དང་། དེ་དག་གི་གྱོན་ཆས་མལ་ཆས་སོགས་ལ་གཙང་སྦྲ་དང་ཐུག་རེག་བྱེད་དགོས་པ་བྱུང་ཚེ། ཁ་ཐུམ་དང་སྤྱོད་ཐེངས་གཅིག་ཅན་གྱི་ལག་ཤུབས། འགེབས་སྲུང་ཅན་གྱི་གོས་ཆས་སོགས་ལེགས་པར་གོན་འོས། ལག་ཤུབས་གོན་པའི་སྔོན་དང་ཕུད་པའི་རྗེས་སུ་ལག་ཟུང་བཀྲུ་བ་དང་དུག་སེལ་བྱེད་དགོས།

(12)ནད་དུག་ཐག་ཆོད་པའི་འཕྲད་རེག་མྱོང་མཁན་ལ་དོགས་ཟའི་ནད་རྟགས་ཏེ། དཔེར་ན། ཚ་རྒྱག་པ་དང་། ལུ་བ། མིད་པ་ན་བ། དབུགས་འཚང་བ། འབྱིན་རྔུབ་དཀའ་བ། དང་ག་ལོག་པ། ལུས་ཐང་ཆད་པ། ལུས་སེམས་ཉོབ་པ། སྐྱུག་མེར་ལྡང་བ་དང་སྐྱུག་པ། ཁོག་པ་བཤལ་བ། མགོ་བོ་ན་བ། སེམས་འཚབ་པ། མིག་སྐྱིར་གཉན་ཚད་རྒྱས་པ། རྐང་ལག་དང་མཁལ་རྐེད་ཀྱི་ཤ་གནད་ན་བ་སོགས་བྱུང་ཚེ། ངེས་པར་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་དགོས། དེ་མིན་གྲོས་འཆར་ལ་གཤམ་གསལ་དག་ཡོད་དེ།

1)ནད་པ་སྨན་ཁང་ནང་འགྲོ་བའི་ལམ་དུ་ངེས་པར་སྨན་སྤྱོད་ཕྱི་ཚན་གྱི་ཁ་ཐུམ་མམN95ཅན་གྱི་ཁ་ཐུམ་རྒྱག་དགོས།

2)གལ་ཏེ་ཆ་རྐྱེན་ལྡན་ན། སྨན་ཁང་དུ་འགྲོ་བར་སྤྱི་སྤྱོད་རླངས་འཁོར་སོགས་ལ་མ་བསྡན་ན་ལེགས་པ་དང་། རླངས་འཁོར་དུ་བསྡད་ནས་འགྲོ་བའི་ལམ་དུ་སྒེའུ་ཁུང་ཕྱེ་ན་བཟང་།

3)དུས་དང་རྣམ་པ་ཀུན་ཏུ་ཁ་ཐུམ་རྒྱག་པ་དང་། དུས་ནམ་ཡང་ལག་པ་གཙང་དག་བྱ་དགོས། ལམ་དུ་འགྲོ་བའམ་སྨན་ཁང་དུ་ཡོད་དུས། གང་ཐུབ་ཀྱིས་མི་གཞན་པ་དང་བར་ཐག་རིང་སར་འབྲལ་དགོས།(མ་མཐའ་ཡང་སྨི1གི་བར་དགོས)

4) ལམ་བར་ནས་རླངས་འཁོར་སོགས་ལ་ནད་པས་བཙོག་བཟོས་བྱུང་ཚེ། ཁིལ་ལྡན་དུག་སེལ་རྫས་སམ་དབྱངས་འདས་ཁ་སྐྱུར་དུག་སེལ་རྫས་བཀོལ་ནས་ནད་པའི་ཟགས་ཐོན་གྱིས་བཙོག་བཟོ་བྱས་མྱོང་བའི་དངོས་པོའི་ཕྱི་ངོས་དག་ལ་དུག་སེལ་བྱེད་དགོས།

37.བགྲེས་པོ་དང་བྱིས་པ་སོགས་ཀྱིས་འགོག་སྲུང་ཇི་ལྟར་བྱས་ན་ལེགས།

མི་ཚོགས་ཕལ་ཆེར་ཚང་མར་ཏོག་དབྱིབས་ནད་དུག་གསར་པ་འགོག་པའི་ནུས་པ་མེད་པས།མི་རྒན་དར་གཞོན་གསུམ་དང་བྱིས་པ་ཀུན་ལ་ཕོག་ནུས།བགྲེས་པོ་དང་བྱིས་པ་རྣམས་ཀྱིས་ཉིན་རྒྱུན་འགོག་སྲུང་ལེགས་པར་བྱེད་དགོས་ཤིང་། ལག་པ་རྒྱུན་འཁྲུད་དང་ཁ་ཐུམ་རྒྱུན་རྒྱག ཟས་ཀྱི་དཀར་དམར་འོས་མཐུན།འགུལ་སྐྱོད་འོས་འཚམ། སྡོད་གནས་ཁོར་ཡུག་གི་གཙང་སྦྲ་དང་སྡོད་ཁང་ནང་གི་མཁའ་དབུགས་འཁོར་རྒྱུག་ཡོང་བ་བཅས་བྱེད་དགོས།

38.ཁྱིམ་ཚང་དཀྱུས་མས་རང་ཁྱིམ་གྱི་དུག་སེལ་ཇི་ལྟར་བྱས་ན་འགྲིག

རིམས་ནད་ཡོངས་སུ་མཆེད་པའི་སྐབས་སུ། ཕྱི་ནས་རང་ཁྱིམ་དུ་ལོག་པ་ན་ལག་བཀྲུ་བཤེར་ཁུས་ལག་ཟུང་བཞུར་ཆུར་བཀྲུ་བའམ། ཡང་ན་ལག་བཀྲུ་དུག་སེལ་འདག་ཁུས་དུག་སེལ་བྱེད་འོས། ཅོག་ཙེ་དང་རྐུབ་སྟེགས་སོགས་ཀྱི་ཕྱི་ངོས་ཉིན་རྒྱུན་གཙང་འབྱིད་བྱེད་ཅིང་། དུས་ངེས་ཅན་ལྟར་དུག་སེལ་བྱེད་དགོས། སྐུ་ཁམས་བདེ་མིན་མི་གསལ་བའི་མགྲོན་པོ་ཕྱིར་སོང་རྗེས། དུས་ཐོག་ཏུ་ཁྱིམ་ནང་གི་ཁྱིམ་ཆས་ཅ་ལག་སོགས་ཀྱི་ཕྱི་ངོས་ལ་ཚད་ལྡན་ནུས་ལྡན་གྱི་དུག་སེལ་རྫས་སམ་དུག་སེལ་རླན་ཕྱིས་ཀྱིས་ཕྱིས་ནས་དུག་སེལ་བྱེད་དགོས། ད་དུང་སྒེའུ་ཁུང་སོགས་ཕྱེ་ནས་མཁའ་དབུགས་འཁོར་རྒྱུག་བྱེད་དུ་འཇུག་དགོས་ཤིང་།དགུན་ཁར་སྒེའུ་ཁུང་ཕྱེ་བ་སོགས་མཁའ་དབུགས་འཁོར་རྒྱུག་བྱེད་དུ་འཇུག་དུས་ཆམ་ནད་ཕོག་པར་དོགས་ཟོན་བྱེད་དགོས།

དངོས་པོའི་ཕྱི་ངོས་དུག་སེལ་བྱེད་པ་ལ་དབྱང་གཉིས་ཁིལ་རྫས་སོགས་ཁིལ་ལྡན་དུག་སེལ་རྫས་སམ།དུག་སེལ་རླན་ཕྱིས་ཀྱིས་ཕྱིས་པས་ཆོག ལག་པ་དང་པགས་པར་ཏེན་ཧྥུ་དང་ཧྥུ་ལྡན་དུག་སེལ་རྫས།དབྱང་འདས་ཆིང་རྫས་སོགས་ལག་པ་དང་པགས་པར་འོས་པའི་དུག་སེལ་རྫས་སམ།འཕྲལ་སྐམ་དུག་སེལ་རྫས་སྤྱད་ནས་དུག་སེལ་བྱེད་ཆོག །

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།