ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་ནད་དུག་རང་བཞིན་གྱིས་མེད་པར་འགྱུར་སྲིད་དམ།
2020.03.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 45

ནད་ཡམས་ཀྱི་གནས་ཚུལ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། མི་ཚང་མས་ནད་དུག་དུས་ནམ་ཞིག་ལ་རྩ་བ་ནས་མེད་པར་འགྱུར་བར་དོ་ཁུར་བྱེད་ཀྱིན་ཡོད། དངོས་གནས་ནམ་ཟླ་ཇེ་དྲོར་གྱུར་ནས་དབྱར་ཐོན་ན་པྲོག་གསར་གློ་ཚད་ཀྱི་ནད་དུག་ཀྱང་མེད་པར་འགྱུར་སྲིད་དམ།

སྲོག་ཆགས་ལས་མཆེད་པའི་དབུགས་ལམ་ཀྱི་འགོ་ནད་དེ་བྱུང་རྗེས་རྩ་བ་ནས་ཡལ་འགྲོ་ཐུབ་མིན་ཐད་ཕྱོགས་གཉིས་ལ་རག་ལས་ཡོད་དེ། གཅིག་ནི། ནད་དུག་སྲོག་ཆགས་ལས་མི་ལ་མཆེད་དུ་མི་འཇུག་པར་མགོ་ཁུངས་གཅོད་པ། གཉིས་ནི། ཕན་ཚུན་ལ་འགོ་བའི་གོ་སྐབས་མེད་པར་བཟོ་བ་དེ་ཡིན། དེས་ན་ཕྱོགས་འདི་གཉིས་ཇི་ལྟར་མངོན་འགྱུར་བྱེད་དགོས་སམ་ཞེ་ན།

དང་པོ། རི་སྐྱེས་སྲོག་ཆགས་ལ་དོ་དམ་ནན་མོ་བྱེད་པ་དང་རི་སྐྱེས་སྲོག་ཆགས་དང་ཐུག་རེག་མི་བྱེད་པ། རི་སྐྱེས་སྲོག་ཆགས་གསོད་པ་དང་འདྲེན་འཚོང་བྱེད་པར་གཏན་འགོག་བྱེད་པ་བཅས་བྱས་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་མི་ལ་མཆེད་མི་སྲིད།

གཉིས་པ། གལ་ཏེ་རིམས་འགོག་སྨན་ཁབ་ལེགས་འགྲུབ་བྱུང་་ནས་འགོ་སླ་བའི་མི་ཚོགས་ལ་འགོག་སྨན་བརྒྱབ་ཚེ། འགོ་སླ་བའི་མི་ཚོགས་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ཏེ་རིམ་གྱིས་མེད་པར་འགྱུར་འགྲོ།

གསུམ་པ། གལ་ཏེ་རིམས་འགོག་སྨན་ཁབ་དུས་ཡུན་ཐུང་ངུའི་ནང་གསར་བཟོ་བྱེད་མ་ཐུབ་ནའང་།   ནད་ཡམས་ཀྱི་གནས་ཚུལ་རིམ་གྱིས་ཞི་འཇགས་སུ་གྱུར་རྗེས། ནད་དུག་འགོས་ཟིན་པའི་མིའི་ལུས་སྟེང་དུ་དུག་སྲིན་འགོག་རྫས་གྲུབ་ཚེ། ནད་དུག་འགོས་མེད་པའི་མི་ལ་བགོ་མི་སྲིད་ཅིང་། དེའི་ཁར་ཁ་ཐུམ་བརྒྱབ་ནས་འགོག་སྲུང་བྱས་ན་ནད་དུག་འགོག་སྲུང་གི་ནུས་པ་ལེགས་པོ་ཐོན་སྲིད།

བཞི། ནམ་ཟླ་ཇེ་དྲོར་གྱུར་བ་དང་བསྟུན་ནས་རང་བྱུང་ཁོར་ཡུག་ཁྲོད་ཀྱི་ནད་དུག་གི་གསོན་ཚད་ཀྱང་ཉམས་འགྲོ་རེད།

ལྔ་བ། ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་རྣམས་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པ་དང་། གསར་དུ་བྱུང་བའི་ནད་པར་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་ལོགས་སུ་བཀར་ཚེ། ནད་དུག་ཕན་ཚུན་ལ་བགོ་མི་སྲིད།

དྲུག་པ། འགོ་སླ་བའི་མི་ཚོགས་ལ་འགོག་སྲུང་ནན་མོ་བྱས་ནས། སྒོ་ཕྱིར་འགྲོ་ཚད་ཇེ་ཉུང་དུ་བཏང་ན་ནད་དུག་འགོ་ཚད་ཀྱང་ཇེ་ཉུང་དུ་གྱུར་འགྲོ།

བདུན་པ། ནང་ནས་ཁྱབ་པ་སྔོན་འགོག་དང་ཕྱི་ནས་མཆེད་པ་བཀག་འགོག་བྱས་ཏེ།  འགྲིམ་འགྲིལ་ཡོ་བྱད་བརྒྱུད་ནས་ནད་དུག་འགོ་བར་སྔོན་འགོག་བྱས་ནས། རིམས་ནད་མཆེད་པའི་ས་ཁུལ་གཞན་པ་དང་རྒྱལ་ཁབ་གཞན་པ་ནས་ཡོང་བའི་ནད་པར་ལོགས་སུ་བཀར་ནས་སྨན་བཅོས་བྱེད་པ་དང་། དོགས་ཡོད་ནད་པ་དང་ཡང་ན་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་རྣམས་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་དགོས།

དེང་སྐབས་པྲོག་གསར་གློ་ཚད་ཕལ་ཆེར་འཛམ་གླིང་ཡོངས་སུ་མཆེད་ཡོད་པར་མ་ཟད། དེའི་འགོ་ཚད་ཅུང་མཐོ་བས། དབྱར་གྱི་ནམ་ཟླ་ཚ་གདུག་ཆེ་བ་ཁོ་ནས་ནད་དུག་དེ་ཡོངས་སུ་མེད་པར་བཟོ་མི་ཐུབ་པ་ཡིན། ཕྱོགས་གཞན་ཞིག་ནས། ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་དྲོ་ནའང་། གལ་ཏེ་ནད་དུག་དེ་དྲོ་གྲང་སྙོམ་སྒྲིག་འཕྲུལ་ཆས་ཡོད་པའི་ཁང་བའི་ནང་དུ་ཡོད་པའི་དབང་དུ་བཏང་ན། ནད་དུག་སྔར་བཞིན་ཉིན་འགའ་དང་ཐ་ན་གཟའ་འཁོར་འགར་གསོན་ཐུབ་པས། འགོ་བའི་ཉེན་ཁ་སྔར་བཞིན་གནས་སྲིད་པ་རེད།

ཡིན་ནའང་། ང་ཚོ་སྐྲག་དགོས་དོན་མེད་དེ། ནམ་ཟླ་ཇེ་དྲོར་ཕྱིན་པ་དང་དེའི་ཁར་ཚང་མས་འགོག་སྲུང་ནན་མོ་བྱས་ཚེ། པྲོག་གསར་གློ་ཚད་མཆེད་ཚད་ཇེ་ཉུང་དུ་འགྲོ་ངེས།

རང་རྒྱལ་གྱི་པྲོག་གསར་གློ་ཚད་ཀྱི་ནད་དུག་དེ་དགུན་ཁའི་དུས་སུ་བྱུང་བར་མ་ཟད། དྲོད་ཚད་ཏུའུ་གྲངས་བཅུའི་མན་གྱི་བུའུ་ཧན་ས་ཆར་བྱུང་བ་རེད། དེ་བས་དེའི་ཁྲོད་ཀྱི་ནམ་ཟླའི་རྒྱུ་རྐྱེན་ལ་སྣང་ཆུང་བྱེད་མི་རུང་། བུའུ་ཧན་གྱི་ལྷོ་རྒྱུད་དུ་དགུན་ཁ་ཧ་ཅང་འཁྱགས་ནའང་ནམ་ཟླ་འཁྱགས་པའི་དུས་ཡུན་ཐུང་བས་ཅུང་མི་འགོར་བར་ནམ་ཟླ་ཇེ་དྲོར་འགྱུར་འགྲོ་ལ། བུའུ་ཧན་གྱི་བྱང་རྒྱུད་ས་ཁུལ་དུ། ཁང་བའི་ནང་དུ་དྲོད་རླངས་ཡོད་པས་ནད་དུག་གསོན་པའི་གོ་སྐབས་ཆེས་ཆུང་བ་ཡིན་།

དཔྱིད་ཐོན་པ་དང་བསྟུན་ནས་ནམ་ཟླ་ཇེ་དྲོར་གྱུར་བ་དེ་རིམས་ནད་འགོག་སྲུང་གི་ཕན་ལྡན་རྒྱུ་རྐྱེན་དུ་གྱུར་བའི་ཁར། སྔོན་འགོག་ནན་མོ་བྱས་ནས་ཐོན་ལས་བསྐྱར་གསོའི་སྐབས་སུ། ནང་ནས་ཁྱབ་པ་སྔོན་འགོག་དང་ཕྱི་ནས་མཆེད་པ་བཀག་འགོག་བྱས་ན། ང་ཚོ་ངེས་པར་དུ་ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་སྲིད། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།