པྲོག་གསར་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ། ཁག་བཅུ་བ།
2020.03.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 43

39.རང་ཁྱིམ་དུ་པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པ་བྱུང་ན།དུག་སེལ་ཐབས་ལམ་གང་དག་སྤྱོད་འོས།

ནད་པ་རང་ཁྱིམ་ལས་བྲལ(སྨན་ཁང་དུ་སྡོད་པ་དང་ཚེ་ལས་འདས་པ།ཁོལ་གཅོད་ལས་བཏང་བ་སོགས)རྗེས།མཐའ་མཇུག་གི་དུག་སེལ་བྱེད་དགོས།དུག་སེལ་བྱ་ཡུལ་ལ་སྡོད་ཁང་གི་ས་ངོས་དང་གྱང་ངོས།ཅོག་ཙེ་རྐུབ་སྟེགས་སོགས་ཁྱིམ་ཆས་ཀྱི་སྟེགས་ངོས་དང་སྒོ་ལུང་།དེ་མིན་ནད་པའི་གསོལ་ཆས་དང་གྱོན་ཆས།མལ་ཆས་སོགས་འཚོ་བའི་མཁོ་ཆས་དང་རྩེད་ཆས།སྤྱོད་ཁང་སོགས་འདུས།མཐའ་མཇུག་གི་དུག་སེལ་བྱ་བ་དེ་སྤྱིར་བཏང་དུ་ཆེད་ལས་མི་སྣས་སྒྲུབ་དགོས་པས།བྱེ་བྲག་ཏུ་རང་སའི་རིམས་ནད་སྔོན་འགོག་ལྟེ་གནས་ལ་འབྲེལ་གཏུག་བྱེད་ཆོག ནད་པའི་ཁྱིམ་མི་གཞན་དག་ནད་དུག་འཕྲད་རེག་མྱོང་མཁན་ཡིན་པས།ངེས་པར་ཉིན14རིང་གི་གསོ་རིག་བརྟག་བཤེར་དུ་འདུག་དགོས།

40.རིམས་འགོག་ནུས་པ་འཕེལ་བར་འགོག་སྲུང་གཞན་དག་ཇི་ལྟར་བྱས་ན་བཟང་།

(1)ལུ་བ་དང་ཧབ་སྦྲིད་རྒྱག་པ།སྣ་ཆུ་བཞུར་བ་སོགས་བྱུང་ཚེ།གཙང་ཤོག་གམ་ལག་ཕྱིས་ཀྱིས་ཁ་བཏུམ་དགོས།

(2)མི་དང་མིའི་བར་འཕྲད་རེག་བྱེད་སྐབས་སྨི1ཡན་གྱི་བར་ཐག་འཛིན་དགོས།

(3)མི་ཚོགས་འདུ་སར་མི་འགྲོ་བ་དང་།ཁྱིམ་ནང་མཁའ་དབུགས་འཁོར་རྒྱུག་ཡོང་བར་བྱེད་དགོས།

(4)ལུས་ཕུང་སྦྱོང་བརྡར་བྱས་ནས་ལུས་ཟུངས་འཕེལ་བར་བྱེད་པ་དང།རིམས་འགོག་ནུས་པར་ཤུགས་སྣོན་དགོས།

(5)རིམས་འགོག་གི་ཟུངས་ཤུགས་མི་ཉམས་པའི་ཆེད་དུ་དུས་ལྟར་ངལ་གསོ་བྱེད་དགོས་ཤིང་།མཚན་འཁྱོངས་དང་དུབ་དྲགས་པའི་ལས་མི་བྱེད་པ།

བཞི་པ། དངངས་འཚབ་བསལ་ཏེ། འགོག་ཐབས་འཚོལ་བ།

41.རམས་རྩ་དང་སྐྱུར་བདུག་གིས་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་བྱེད་ཐུབ་བམ།

རམས་རྩ་ནི་ཆམ་ནད་སོགས་ཀྱི་གསོ་བཅོས་ལ་འཕྲོད་པ་ཡིན་ཡང་།པྲོག་དབྱིབས་ནད་དུག་ལ་སྨན་བཅོས་ཀྱི་ནུས་པ་མེད།

སྐྱུར་བདུག་ལ་དུག་སེལ་གྱི་ནུས་པ་དེ་ཙམ་མི་ལྡན།

42.སྐྱེ་འགོག་རྒྱུ་ཡིས་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་གསོ་བཅོས་བྱེད་ཐུབ་བམ།

སྐྱེ་འགོག་རྒྱུ་ནི་ཕྲ་སྲིན་གྱི་གཉེན་པོ་ཡིན་ལ།པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་དེ་ནད་དུག་འགོས་པ་ཡིན་པས།སྐྱེ་འགོག་རྒྱུ་འཐུང་བའམ་སྤྱོད་པས་གོ་མི་ཆོད་པར་མ་ཟད།སྨན་གྱི་ནུས་པ་ཕྱིན་ཅི་ལོག་པ་འབྱུང་བ་དང་།ཐ་ན་རྒྱུ་མའི་ནང་གི་རྒྱུན་མཁོའི་ཕྲ་སྲིན་ལའང་གནོད་པ་འབྱུང་སྲིད།

43.ཁ་ཐུམ་བརྩེགས་མ་མ་གོན་ན་ནད་དུག་འགོག་མི་ཐུབ་པ་ཨེ་ཡིན།

སྨན་སྤྱོད་ཁ་ཐུམ་ཚད་ལྡན་ཡིན་ན་གཅིག་གིས་ཆོག གཞན་པ་གང་མང་བརྩེགས་མར་གོན་ནའང་འགོག་སྲུང་གི་ནུས་པར་ཤུགས་སྣོན་མི་ཐུབ་སྟེ།ཁ་ཐུམ་གོ་ཆོད་མིན་གྱི་གནད་འགག་ནི་དབུགས་དམ་རང་བཞིན་གྱི་སྟེང་དུ་ཡོད་ལ།དེ་ཡང་སྒོ་གླེགས་ཅི་ཙམ་མཐུག་ཀྱང་དམ་པོར་མ་བརྒྱབ་ན་རྐུན་མ་འགོག་དཀའ་བ་ཇི་བཞིན་ནོ། །

44.བཀོལ་ཟིན་པའི་ཁ་ཐུམ་དེ་དག་ཇི་ལྟར་བྱས་ན་འགྲིག

མི་སྤྱིར་བཏང་བས་གོན་མྱོང་བའི་ཁ་ཐུམ་ལ་པྲོག་དབྱིབས་ནད་དུག་མཆེད་པའི་ཉེན་ཁ་མེད་པས།དེ་བཀོལ་ཚར་རྗེས་འཚོ་བའི་གད་སྙིགས་ལྟར་འདོར་ཆོག དོགས་ཟོན་ཅན་གྱི་ནད་པ་དང་དེའི་ནད་གཡོག་ཚོས་བཀོལ་མྱོང་བའི་ཁ་ཐུམ་རྣམས་སྨན་བཅོས་གད་སྙིགས་ལྟར་བསྡུ་བ་དང་འདོར་དགོས་ཤིང་།དེ་ལྟར་བྱས་རྗེས་ངེས་པར་དུ་ལག་པ་གཙང་མར་བཀྲུ་དགོས།

45.བཟའ་བཏུང་གི་ཕྱོགས་སུ་དོ་སྣང་བྱ་རྒྱུ་གང་དག་ཡོད།

རི་སྐྱེས་སྲོག་ཆགས་ཀྱི་ཤ་མི་ཟ་བར་ཞུ།དེ་མིན་ཟས་ཚོས་མ་དང་མ་ཚོས་པ་གཏུབ་པའི་གྲི་དང་གཏུབ་ཤིང་སོགས་སོ་སོར་བཀོལ་དགོས་ཤིང་།ཤ་དང་བྱ་སྒོང་གི་རིགས་ངེས་པར་བཙོས་ནས་ཚོས་མ་བཟའ་དགོས།དུས་རྒྱུན་ཆུ་མང་དུ་འཐུང་བ་དང་སྔོ་ཚོད་དང་སིལ་ཏོག་མང་ཟ་བྱས་ན་ལེགས།

46.ནད་དུག་གསར་པའི་གློ་ཚད་ཀྱི་སྨན་བཅོས་འགྲོ་སྒོ་ཇི་ལྟར་འཁུར་དགོས།

རྒྱལ་ཁབ་སྨན་བཅོས་སྲུང་སྐྱོང་ཅུས་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི《པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་གཉན་རིམས་ཀྱི་སྨན་བཅོས་སྲུང་སྐྱོང་ལེགས་པར་སྒྲུབ་པའི་སྐོར་གྱི་བརྡ་ཁྱབ》ནང་གཏན་འཁེལ་གསལ་པོ་ཡོད་པ་ལྟར།པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཐག་ཆོད་པའི་ནད་པར་བྱུང་བའི་སྨན་བཅོས་ཀྱི་འགྲོ་སྒོ་དེར་ཕྱོགས་བསྡུས་འགན་ལེན་གྱི་ཐབས་སྤྱོད་པ་དང་།མི་སྒེར་ནས་འཁུར་དགོས་པའི་འགྲོ་སྒོ་དེ་ལ་ནོར་སྲིད་ཐད་ནས་རོགས་དངུལ་གསབ་སྤྲོད་བྱེད་རྒྱུ་ཡིན།《པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་གཉན་རིམས་ཀྱི་སྨན་བཅོས་སྲུང་སྐྱོང་བྱ་བ་ལེགས་པར་སྒྲུབ་པའི་སྐོར་གྱི་ཁ་གསབ་བརྡ་ཁྱབ》ནང་གཏན་འཁེལ་བྱས་དོན།ནད་དུག་དོགས་ཡོད་ཅན་གྱི་ནད་པར(གནས་གཞན་པར་སྨན་བཅོས་བྱས་པའི་ནད་པའང་འདུ)བྱུང་བའི་སྨན་བཅོས་འགྲོ་སྒོ་ལས།མི་སྒེར་རང་གིས་འཁུར་དགོས་པའི་ཆ་དེ་སྨན་བཅོས་བྱེད་སའི་ནོར་སྲིད་རོགས་དངུལ་གསབ་སྤྲོད་ཀྱི་སྲིད་ཇུས་ལྟར།མ་དངུལ་བཀོད་སྒྲིག་བྱས་ཏེ་ཕྱོགས་བསྡུས་འགན་ལེན་བྱེད་པ་དང་།ཀྲུང་དབྱང་ནོར་སྲིད་ནས་བབ་བསྟུན་གྱིས་གསབ་དངུལ་འོས་འཚམ་སྤྲོད་རྒྱུ་ཡིན།

47.མང་ཚོགས་ཀྱིས་གཉན་རིམས་དེ་ལས་བྱུང་བའི་སེམས་ཁམས་ཀྱི་དངངས་འཚབ་ཇི་ལྟར་བསལ་དགོས།

(1)ཆ་འཕྲིན་ཁུངས་བཙན་པར་བལྟ་བ་དང་།ཚན་རིག་གི་ཤེས་བྱ་སློབ་སྦྱོང་བྱེད་པ།མུན་འཐོམས་ཀྱི་དངངས་འཚབ་མེད་པར་བྱེད་དགོས།

སྲིད་གཞུང་དང་དབང་གྲགས་སྡེ་ཁག་གིས་ཁྱབ་སྤེལ་བྱས་པའི་ཆ་འཕྲིན་ལས།ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་གཉན་རིམས་ཀྱི་གནས་ཚུལ་དང་འགོག་སྲུང་ཤེས་བྱ་སོགས་ཤེས་པར་བྱ་བ།

གཉན་རིམས་ཀྱི་གནས་ཚུལ་ལ་དོ་སྣང་ཐལ་དྲགས་པ་མི་བྱེད་པ་དང་།ཚན་རིག་དང་མི་མཐུན་པའི་ཆ་འཕྲིན་གྱིས་སེམས་དཀྲུག་ཏུ་མི་འཇུག་ཅིང་།དཀྲོག་གཏམ་ལ་ཡིད་མི་ཆེས་ཤིང་བརྒྱུད་སྒྲོག་ཀྱང་མི་བྱེད་པ།

རིམས་ནད་འདི་གཙོ་བོ་དབུགས་ལམ་ནས་མཆེད་པ་ཡིན་པས།ངེས་པར་དུ་རང་རྟོགས་ཀྱིས་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ།སྡོད་ཁང་ནང་མཁའ་དབུགས་འཁོར་རྒྱུག་བྱེད་དུ་འཇུག་པ།དགོས་མེད་དུ་སྒོ་ཕྱིར་མི་འགྲོ་བ།

(2)དུས་ཐོག་ཏུ་ངལ་གསོ་བྱེད་པ་དང་འཚོ་བའི་བཀོད་སྒྲིག་ལུགས་དང་མཐུན་པ།ནང་སེམས་སུ་རེ་སྙེག་ཡོད་པ།

རྒྱུན་ལྡན་གྱི་ངལ་གསོའི་དུས་ཡུན་རྒྱུན་འཁྱོངས་དང་ཟས་ཐུན་གསུམ་པོ་དུས་ལྟར་བཟའ་བ།ཆུ་མང་དུ་འཐུང་བ།རང་ལ་འཚམ་པའི་ལུས་ཕུང་སྦྱོང་བརྡར་བྱེད་པ།ཐ་མག་འཐེན་པ་དང་ཆང་འཐུང་བ།མཚན་འཁྱོངས་བྱེད་པ་སོགས་བདེ་ཐང་མིན་པའི་འཚོ་སྟངས་དོར་ཏེ།རིམས་འགོག་ནུས་སྤེལ་བྱེད་དགོས།

འཚོ་བའི་ལས་བྱ་བཀོད་སྒྲིག་ལེགས་པོ་བྱས་ཏེ།འཆར་གཞི་ལྡན་པའི་སྒོ་ནས་ཉམས་དགའི་ལས་དོན་བསྒྲུབས་ཆོག དཔེར་ན་རོལ་དབྱངས་ལ་ཉན་པ་དང་དཔེ་ཆར་ལྟ་བ།རང་གི་ཁྱིམ་མིའམ་གྲོགས་བཟང་དང་ཁ་བརྡ་བྱེད་པ།ཁྱིམ་ནས་གཞུང་ལས་སྒྲུབ་པ་དང་སློབ་སྦྱོང་བྱེད་པ།ཁྱིམ་ལས་བྱེད་པ་སོགས་ལྟ་བུ།

རང་གི་ཉིན་རྒྱུན་གྱི་འཚོ་བ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ།ཉིན་རེར་ཤེས་བྱ་གསར་པ་རེ་སློབ་པ་དང་།རང་སེམས་སུ་རེ་སྙེག་ཡོད་པ་ཞིག་བྱེད་དགོས།

(3)ཚན་རིག་ལྟར་སེམས་ཁམས་སྙོམས་སྒྲིག་བྱས་ནས།བག་འཁུམས་པའི་སེམས་པ་བསྐྱུར་བ་དང་།རང་སེམས་ཞི་ཞིང་དུལ་བར་གནས་དགོས།

བག་འཁུམས་པའི་བློ་སེམས་དང་ལེན་བྱེད་པ།བསམ་ཚུལ་འདི་འདྲ་འབྱུང་བ་རྒྱུན་ལྡན་ཡིན་པ་ཤེས་དགོས་ཤིང་།རང་ལ་བློ་སེམས་ཅི་སྐྱེ་དང་དུ་བླངས་ཏེ།རང་ལ་ལེ་བདའ་དང་གཞན་ལ་སྐྱོན་འཛུགས་འཁང་ར་མི་བྱེད་པ།

རང་སེམས་བག་ཕེབས་པའི་ཐབས་སྦྱོང་བ།ཚན་རིག་གི་ལམ་ནས་དབུགས་འབྱིན་རྔུབ་ཀྱིས་སེམས་ལྷོད་ལ་འབབ་པའི་ཐབས་དང་།ཏིང་ངེ་འཛིན་ལ་ཞུགས་པའི་ཐབས་སོགས་བསླབས་ཏེ།རང་སེམས་བག་ལ་ཕབ་ཐུབ་དགོས།

སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མ་ལག་ལ་ལེགས་པར་བརྟེན་པ།རང་གི་ཁྱིམ་མིའམ་གྲོགས་བཟང་དང་བསམ་ཚུལ་བརྗེ་རེས་བྱས་ཏེ།བདག་གཞན་གཉིས་ཀའི་སེམས་བག་ཕེབས་པ་ཡོང་བར་ཕན་ཚུན་ལ་རོགས་རམ་བྱེད་པ།

དུས་ལྟར་ཆེད་ལས་མི་སྣའི་རོགས་སྐྱོར་འཚོལ་བ།རང་ཉིད་དང་ཁྱིམ་མིའི་སེམས་ཁམས་གནས་བབ་ལ་དོ་སྣང་བྱེད་དགོས་པ་སྟེ།བག་འཁུམས་པའི་བསམ་ཚུལ་ཡུན་རིང་བོར་བཟུང་ན།རྒྱུན་ལྡན་གྱི་འཚོ་བར་གནོད་པ་སྐྱེལ་ངེས།བསམ་ཚུལ་དེ་སེལ་ཐབས་མེད་དུས།ངེས་པར་དུ་སེམས་ཁམས་འཕྲོད་བསྟེན་དང་བདེ་སྐྱོང་ཆེད་ལས་མི་སྣའི་རོགས་སྐྱོར་ལ་བརྟེན་དགོས། །

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།