འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐེན་ཏི་སའེ་ཡིས་ཚེས་བཅུ་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་རེ་འགས་རིམས་ནད་འགོག་ཐབས་སུ་རང་ཁྱིམ་ནས་བསྡད་དེ་མི་གཞན་དང་འབྲེལ་འདྲིས་བརྒྱུད་ལམ་གཅོད་པ་སོགས་ཀྱི་བྱེད་ཐབས་སྤྱོད་ཀྱིན་ཡོད་ནའང་། ད་ཡོད་ཀྱི་ཉམས་མྱོང་ལས་ར་སྤྲོད་བྱུང་བ་ལྟར་ན། རིམས་ནད་འགོས་པ་ཁྱོན་ཡོངས་ནས་ཚོད་འཛིན་མ་བྱས་པའི་སྔོན་ལ་ཞིབ་ཕྲའི་ཚད་གཞི་དྲུག་ལ་ཅིས་ཀྱང་བསམ་གཞིགས་ནན་མོ་གཏོང་དགོས་ཟེར།
ཐན་ཏི་སའེ་ཡིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ནས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཟོ་བཅོས་བརྒྱབ་རྗེས་ཀྱི་པྲོག་གསར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཇུས་གྲོས་འགོ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཟེར། གྲོས་འགོ་དེའི་ནང་རྒྱལ་ཁབ་ཁག་གིས་རིམས་ནད་ཚོད་འཛིན་བྱེད་ཐབས་མེད་པར་མ་བཟོས་པའི་སྔོན་ལ། གཙོ་གནད་དུ་བཟུང་ནས་བསམ་གཞིག་བྱེད་དགོས་པའི་ཚད་གཞི་དྲུག་ཡོད་དེ། རིམས་ནད་མཆེད་པ་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་པར་བྱེད་པ་དང་། འཕྲོད་བསྟེན་མ་ལག་ལ་ནད་རྟགས་ངོས་འཛིན་དང་ཞིབ་དཔྱད་ཚད་ལེན། ལོགས་སུ་བཀར་བ། སྨན་བཅོས་བྱེད་པ་བཅས་ཀྱི་ནུས་པ་འཛོམས་པ། ནད་པ་དང་འབྲེལ་བ་ཡོད་པའི་མི་རྩད་ཆོད་པའི་ནུས་པ་ལྡན་པ། འཕྲོད་བསྟེན་སྒྲིག་ཆས་དང་ལུས་གསོ་ཁང་སོགས་དམིགས་བསལ་ཁོར་ཡུག་ལ་རིམས་ནད་གློ་བུར་དུ་འགོས་པའི་ཉེན་ཁ་ཆུང་ཤོས་སུ་འགྱུར་ཐུབ་པ། ལས་ཀ་བྱེད་ས་དང་། སློབ་གྲྭ མི་རྣམས་ངེས་པར་འགྲོ་དགོས་པའི་ས་གནས་གཞན་དག་བཅས་ལ་སྔོན་འགོག་བྱེད་ཐབས་སྔ་མོ་ནས་སྤྱད་ཟིན་པ། རིམས་ནད་ཕྱི་ནས་ནང་ལ་མཆེད་པའི་ཉེན་ཁ་ཚོད་འཛིན་བྱེད་ཐུབ་པ། གཞིས་ཁུལ་གྱིས་སློབ་གསོ་དང་ཟབ་ཞུགས། དབང་ཆ་སྤྲོད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་རིམས་ནད་ཀྱི“རྒྱུན་རྣམ་གསར་པ”ངོས་ཟིན་པར་བྱེད་པ་བཅས་རེད།
ཐན་ཏི་སའེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཁ་ཤས་ཀྱི་རིམས་འགོག་ཉམས་མྱོང་ལས་ང་ཚོར་ནད་ཡམས་གསར་པ་དེར་ངོས་འཛིན་སྔར་ལས་གསལ་པོ་བྱུང་། ནད་དུག་དེ་རིགས་ཀྱི་མངོན་ཚུལ་དང་བཀག་འགོག སྨན་བཅོས་ཇི་ལྟར་བྱེད་པ་སོགས་ལ་ངོས་ཟིན་ཟབ་མོ་ཡོད། དཔེར་ན། ནད་ཡམས་གསར་བ་དེ་རྒན་གསོ་ཁང་སོགས་འཚང་ཁ་ཆེ་བའི་ཁོར་ཡུག་ཏུ་འགོས་སླ་བ་དང་། རྒྱལ་ཁབ་ཁ་ཤས་ཀྱི་གཏན་ཁེལ་བྱས་པའི་ནད་པ་ཉིན3ནས4བར་ལྡབ་གཅིག་འཕར་ངེས་པ། དེའི་སྲོག་ཉེན་རང་བཞིན་ནི2009ལོའི་ཆམ་རིམས་ལས་ལྡབ་བཅུ་ཡིན་པ་བཅས་རེད་ཟེར།
ཐན་ཏི་སའེ་ཡིས་ནན་གྱིས་བསྟན་དོན། ནད་ཡམས་གསར་པ་མཆེད་ཚད་མངོན་གསལ་དོད་པོ་ཡིན་ནའང་། རིམས་ནད་མཆེད་པའི་མྱུར་ཚད་ཇེ་དལ་དུ་གཏོང་རྒྱུར་ད་དུང་དུས་ཡུན་ཅུང་འགོར། བཤད་ཕྱོགས་གཞན་ཞིག་ནས་བཤད་ན། ནད་པ་ཇེ་ཉུང་དུ་འགྲོ་བའི་མྱུར་ཚད་ནི་ནད་པ་ཇེ་མང་དུ་འཕེལ་བའི་མྱུར་ཚད་ལས་དལ་བའི་དབང་གིས་རེད། གནད་དོན་འདིའི་ཐོག་ནས་བལྟས་ན། ངེས་པར་དུ་དལ་ཞིང་ཚོད་འཛིན་བྱེད་ཐབས་ཡོད་པའི་སྒོ་ནས་ཚད་བཀག་བྱེད་ཐབས་མེད་པར་བཟོ་དགོས་པ་གསལ་སྟོན་བྱས་ཡོད་ཟེར། ཁོས་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་ཡང་དག་སྤྱད་དེ། ནད་པ་དང་འབྲེལ་འདྲིས་ཡོད་པའི་མི་ཡོད་ཚད་རྩད་གཅོད་རྗེས་སྙེག་བྱེད་པའི་ནུས་པ་ཆེན་པོ་ལྡན་པའི་རྨང་གཞིའི་སྟེང་དུ། གཞི་ནས་ཚོད་འཛིན་བྱེད་ཐབས་མེད་པར་བཟོས་ཆོག་པའི་ལྟ་ཚུལ་འདོན་གྱིན་འདུག
རྩོམ་སྒྲིག་པ། འབྲུག་མོ།