མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བཟོ་བ་བརྒྱ་དང་གྱ་དགུ་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་པར་བཤད།
2020.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧྥ་ཨེར་ཧྭན.ཧྭ་ཁི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་གྱི་དགོང་མོའི་བར་དུ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡོངས་ཀྱི་ལས་ཁུངས་སུ་བསྡོམས་པས་ལས་བཟོ་བ་བརྒྱ་དང་གྱ་དགུ་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་ཟེར།

ཧྥ་ཨེར་ཧྭན.ཧྭ་ཁི་ཡིས་ཉིན་དེའི་བརྙན་རིས་གསར་འགོད་པའི་གྲོས་ཚོགས་སྟེང་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་དུ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡོངས་ཀྱི་ལས་ཁུངས་སུ་མི་བརྒྱ་དང་གྱ་དགུ་ལ་པྲོག་དབྱིབས་ནད་དུག་གསར་བ་འགོས་པ་དང་། དེའི་ཁྲོད་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པའི་སྙན་ཞུ་ཐོག་མ་ཕུལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ལས་བཟོ་བ་ཡོངས་ལ་འཕྲིན་ཡིག་བསྐུར་ནས། ཁོ་ཚོས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ནས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་བར་རྒྱང་རྟེན་གཞུང་སྒྲུབ་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་་ཚད་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཐོག་ཁང་ནང་བརྒྱུད་མཆེད་བྱེད་པའི་ཉེན་ཁ་ཇེ་དམའ་རུ་གཏོང་རྒྱུའུ་རེ་བ་བཏོན། ཀུའུ་ཐི་ལེ་སི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ལས་བཟོ་བ་ཡོངས་ཀྱི་རྒྱང་རྟེན་གཞུང་སྒྲུབ་བྱེད་པའི་དུས་ཡུན་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར་རྒྱུན་བསྲིང་རྒྱུའི་ཐག་བཅད།

རྒྱུན་ལྡན་གྱི་བྱ་བའི་ཉིན་མོར། ཉིན་རེར་མི་ཁྲི་གཅིག་དང་སྟོང་གཅིག་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགྲོ་འོང་བྱེད་བཞིན་ཡོད་པ་དང་། ལས་བཟོ་བ་ཡོངས་ཀྱིས་རྒྱང་རྟེན་གཞུང་སྒྲུབ་བྱེད་པའི་བྱེད་ཐབས་སྤྱད་རྗེས། སྤྱི་ཁྱབ་པུའུ་རུ་འགྲོ་འོང་བྱེད་པའི་ཉིན་རེའི་མི་གྲངས་ཆ་སྙོམས་ཀྱི་མི་བརྒྱ་མ་གཏོགས་མེད་ཟེར།

རྩོམ་སྒྲིག་པ། འབྲུག་མོ།