འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2020.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས་བཅུ་དགུའི་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཚན་རིག་དང་དཔང་རྟགས་མཛུབ་ཁྲིད་དུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཐོག་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་བྱ་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐན་ཏེ་སའེ་ཡིས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་དང་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བརྙན་ལམ་ནས་ཚོགས་འདུ་བསྡུས། ཁོས་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས། གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ལ་ཨ་སྒོར་དུང་ཕྱུར་ལྔ་ཞལ་འདེབས་སུ་ཕུལ་བ་དང་། དེ་བཞིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཐུན་སྦྱོར་ཐད་དབང་ཆ་སྤྲོད་རྒྱུར་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུས།

ཐན་ཏེ་སའེ་ཡིས“ང་ཚོར་སྔར་བྱུང་མྱོང་མེད་པའི་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ཉམས་ཉེན་དང་འཕྲད་ཡོད། ང་ཚོས་ནད་དུག་གསར་བ་ཞིག་ལ་གདོང་གཏད་དགོས་པར་མ་ཟད། ད་དུང་ལོ་རྒྱུས་སྟེང་གི་པྲོག་དབྱིབས་ནད་དུག་གིས་བསླངས་པའི་ཆེས་ཐོག་མར་མཆེད་པའི་གནས་སྟངས་ལའང་ཁ་གཏད་གཅོག་དགོས། “རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྒྱལ་ཁབ་ཚང་མར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས། རྒྱལ་ཁབ་ཁག་རིམས་ནད་ལ་ཁ་གཏད་གཅོག་པའི་དུས་མཚམས་མི་འདྲ་བར་གནས་ཡོད་མོད། འོན་ཀྱང་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ནི་རྒྱལ་ཁབ་ཁག་གཅིག་གིས་རིམས་ནད་རིང་གི་སྤྱི་ཚོགས་དོ་དམ་བྱ་ཐབས་ཇེ་ལྷོད་དུ་གཏོང་རྩིས་ཡོད་པ་དེ་རེད་ཟེར།

ཐན་ཏེ་སའེ་ཡིས་བཤད་རྒྱུར། བྱེད་ཐབས་དེ་དག་མེད་པར་བཟོ་རྒྱུ་ནི་དུས་མཚམས་དབྱེ་བའི་བརྒྱུད་རིམ་ཞིག་ཡིན་པ་དང་། རྒྱལ་ཁབ་གང་རུང་ཞིག་གིས“བཀག་སྡོམ་བྱེད་པའི”ཚོད་འཛིན་བྱ་ཐབས་མེད་པར་བཟོ་རྒྱུ་ནི་རིམས་ནད་མཇུག་བསྒྲིལ་རྒྱུ་མིན་པར་དུས་མཚམས་རྗེས་མའི་འགོ་འཛུགས་རྒྱུ་དེ་རེད། དུས་མཚམས་རྗེས་མའི་རིམས་ནད་འགོག་པའི་བརྒྱུད་རིམ་ནང་རྒྱལ་ཁབ་ཁག་གིས་ཁོང་ཚོའི་མི་དམངས་ལ་སློབ་གསོ་གཏོང་བ་དང་ཁོང་ཚོར་དེའི་ནང་ཧུར་ཐག་ཞུགས་སུ་བཅུག་ནས། རིམས་ནད་གང་རུང་བསྐྱར་འཕར་གྱི་གནས་ཚུལ་སྔོན་འགོག་དང་མགྱོགས་མྱུར་ཁ་གཏད་གཅོག་དགོས་ཟེར།

དེ་དང་ཆབས་ཅིག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་རྒྱལ་ཁབ་མང་པོ་ཞིག་གི་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྒྱལ་ཁབ་ཁག་གཅིག་ལས་ཞན་མོད། འོན་ཀྱང་མིག་སྔར་དེ་དག་ལ་རིམས་ནད་མགྱོགས་མྱུར་མཆེད་པའི་འགྲན་སློང་དང་འཕྲད་བཞིན་ཡོད་ཅེས་བཤད། དེར་བརྟེན། རྒྱལ་ཁབ་འདི་དག་ལ་འཕྲལ་མྱུར་གྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། དེ་དག་གིས་ནད་དུག་གསར་བར་ཚུར་སྣང་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ད་དུང་དེའི་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་མུ་མཐུད་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

ཐན་ཏེ་སའེ་ཡིས་བཞེད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་བཙུགས་མ་ཐག་ནས“རིམས་ནད་ཀྱི་ཉེན་བརྡ་གསལ་ཐག་ཆོད་པ”བཏང་ནས་གོ་ལ་ཧྲིལ་པོའི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་མཐུན་སྦྱོར་བྱེད་པའི་འགན་འཁྲི་མུ་མཐུད་བསྒྲུབས་ཏེ། མཉམ་ལས་རོགས་རེས་ཀྱི་མཐུན་ལམ་ནས་ཚེ་སྲོག་སྐྱོབ་རྒྱུ་ཡིན་ཞེས་བཤད།

མིག་སྔར། ཨ་ཧྥེ་རི་ཁ་དང་རྒྱལ་ཁབ་གཞན་དག་ལ་འཕྲད་པའི་འགྲན་སློང་ཆེ་ཤོས་ཀྱི་གྲས་ཤིག་ནི་རིམས་ནད་འགོག་པའི་དངོས་ཟོག་མཁོ་སྤྲོད་ཀྱིས་ཧ་ཅང་མི་འདང་བ་དེ་རེད། དེའི་རྒྱུ་མཚན་ནི་མཁོ་སྤྲོད་འབྲེལ་ཐག་ཞན་པའི་རྐྱེན་གྱིས་དངོས་ཟོག་དམིགས་སར་འབྱོར་དཀའ་བས་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཚོང་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བཟོ་ཚོང་འགོ་ཁྲིད་པ་དང་མཉམ་ལས་བྱས་ནས། དངོས་ཟོག་དེ་རིགས་ཀྱི་ཐོན་འབོར་མང་དུ་གཏོང་བ་དང་འབྲེལ་ཏེ། བགོ་བཤའ་འདྲ་མཉམ་ཡོང་བར་འགན་ལེན་བྱེད་བཞིན་ཡོད་པ་རེད། གཞན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་དང་དེ་བཞིན་རོགས་རེས་འབྲེལ་བ་གཞན་དག་དང་མཉམ་ལས་བྱས་ནས། འཛམ་གླིང་ས་གནས་ཁག་ལ་མི་སྒེར་གྱི་འགོག་སྲུང་སྒྲིག་ཆས་སྤྲད་པ་རེད།

ཐན་ཏི་སེ་ཡིས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་ཚོགས་པར་རེ་བ་གསུམ་བཏོན། གཅིག་ནས་རྒྱལ་ཁབ་ཁག་གིས་ཚན་རིག་དང་དཔང་རྟགས་ཀྱི་མཛུབ་ཁྲིད་འོག་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཐོག་ནས། རིམས་ནད་གང་སར་མཆེད་ཀྱིན་པར་མུ་མཐུད་འཐབ་རྩོད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། གཉིས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་གློ་ཚད་གསར་པའི“འཐབ་ཇུས་གྲ་སྒྲིག་དང་ཁ་གཏད་གཅོག་པའི་འཆར་གཞི”གཉིས་པ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པའི་ནང་། དུས་མཚམས་རྗེས་མའི་རིམས་ནད་འགོག་པའི་ལས་དོན་ལ་མཁོ་བའི་ཐོན་ཁུངས་དཔྱད་འཇོག་བྱ་རྒྱུ་ཚུད་ཡོད་པ་རེད། ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག་ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དཔལ་འབྱོར་གྱི་སྐུལ་སློང་འཆར་གཞི་དང་བུ་ལོན་མང་པོ་ཞིག་མཁོ་འདོན་བྱས་ནས། ཁོང་ཚོས་སེམས་ནུས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་ཐུབ་པ་བྱེད་དགོས་པའི་འབོད་སྐུལ་བཏང་། གསུམ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྒྱལ་ཁབ་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། གཞི་རྩའི་རིམས་ནད་འགོག་པའི་དངོས་ཟོག་ཐོན་སྐྱེད་བྱེད་ཚད་མང་དུ་གཏོང་བ་དང་འབྲེལ་ཏེ། བགོ་བཤའ་འདྲ་མཉམ་ཡོང་བར་འགན་ལེན་བྱེད་པ་དང་། དེ་བཞིན་འཕྲོད་བསྟེན་ལས་དོན་པ་དང་ནད་པར་ཉེན་ཁ་འཕྲད་པའི་ཚོང་དོན་གྱི་མཁར་རྫོང་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།