ཉིན་གང་པོར་ཀླད་ཤུགས་ངལ་རྩོལ་བྱས་རྗེས་ལུས་རྩལ་སྦྱོང་བརྡར་བྱས་ན་ཕན་པ་ཡོད་དམ།
2020.04.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཀླད་ཤུགས་ངལ་རྩོལ་པ་ཞིག་ལ་མཚོན་ན། སྤྱིར་བཏང་དུ་དུས་ཡུན་རིང་པོར་གཞུང་ལས་ཁང་དུ་ཙོག་སྟེ་མགོ་དང་སྐེད་པ་སྒུར་ནས་ལས་ཀར་ཞུགས་ཀྱིན་ཡོད། དུས་ཡུན་རིང་པོར་སྐེ་ཚིགས་སྔོན་ལ་སྒུར་ཏེ་ལས་ཀར་ཞུགས་ན་ཀླད་ཁྲག་གི་འཁོར་སྐྱོད་ལ་ཤན་ཤུགས་ཐེབས་སྲིད་པར་མ་ཟད། ད་དུང་མགོ་བོ་འཁོར་ཞིང་ཀླད་རྩ་རྒྱས་པའི་ནད་རྟགས་ཐོན་གྱིན་ཡོད། དེ་ལས་གཞན་རྒྱུན་པར་གློག་ཀླད་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་ན་དབང་རྩ་རྒས་མགྱོགས་པ་རེད།

ཀླད་ཤུགས་ངལ་རྩོལ་པ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་ན་ཀླད་པས་ངལ་གསོ་བྱེད་ཐུབ་པར་མ་ཟད། ད་དུང་སེམས་ཁམས་སྐྱིད་པོ་དང་གཟུགས་གཞི་བདེ་ཐང་དུ་འགྲོ་བར་ཕན་པས། ལུས་སྦྱོང་བྱེད་པ་ནི་ལས་ཕྱོད་ཇེ་མཐོར་འགྲོ་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། དུས་མཚུངས་སུ་གློ་བར་ཕན་ནུས་ཐོན་ནས་དབྱང་རླུང་ལེགས་པོ་འདོན་སྤྲོད་བྱེད་ཐུབ་ལ། ཟས་འཇུ་བར་ཡང་ཕན་པ་རེད།

ཀླད་ཤུགས་ངལ་རྩོལ་པས་ལུས་ཕུང་སྦྱོང་བརྡར་བྱེད་པ་ནི་དགེ་མཚན་ལྡན་པའི་ངལ་གསོ་སྟངས་ཤིག་ཡིན། ཀླད་ཤུགས་ངལ་རྩོལ་པས་ཁང་པའི་ཕྱི་རོལ་དུ་ལུས་སྦྱོང་བྱས་ན་ཉི་འོད་དང་མཁའ་དབུགས་གསར་པ་ལོངས་སུ་སྤྱོད་ཐུབ་པས། འཆམ་འཆམ་དུ་འགྲོ་བ་དང་དལ་མོར་རྒྱུག་པ། རླུང་འཕྲིན་ལུས་སྦྱོང་། ཐའེ་ཅི་དྲག་རྩལ་སོགས་སྦྱོང་བརྡར་བྱེད་པར་འབད་ན་ལེགས།

འགུལ་སྐྱོད་དྲག་པོ་བྱས་རྗེས་མྱུར་དུ་ཉལ་ནས་ངལ་གསོ་བྱ་ཆོག་གམ།

འགུལ་སྐྱོད་དྲག་པོ་བྱེད་སྐབས་ལུས་སྟེང་གི་ཁྲག་རྣམས་རྐང་ལག་གི་ཤ་གནད་དུ་འདུ་བཞིན་ཡོད། དབང་པོའི་ཡན་ལག་གི་ཤ་གནད་སྐུམ་འཐེན་བྱས་པ་ལས་སྡོད་རྩའི་ཁྲག་མགྱོགས་མྱུར་གྱིས་སྙིང་ཁམས་ཕྱོགས་སུ་བཞུར་བ་དང་། འཕར་རྩའི་ཁྲག་ལུས་ཡོངས་ལ་ཁྱབ་པའམ་ཁྲག་གི་འཁོར་རྒྱུན་ཇེ་མགྱོགས་སུ་འགྲོ་བ་རེད། གལ་ཏེ་འགུལ་སྐྱོད་དྲག་པོ་བྱས་རྗེས་མྱུར་དུ་ཉལ་ནས་ངལ་གསོ་བྱས་ན། དབང་པོའི་ཡན་ལག་གི་སྡོད་རྩའི་ཁྲག་རྣམས་སྡོད་རྩ་ནང་གསོག་འཇོག་བྱས་ནས་སྙིང་ཁམས་སུ་ཁྲག་རྒྱུན་མི་འདང་བ་དང་། མགོ་ཡུ་འཁོར་བ། སྐྱུག་མེར་ལངས་པ་དང་སྐྱུག་པ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེའི་ཕྱིར། འགུལ་སྐྱོད་དྲག་པོ་བྱས་རྗེས་འགུལ་སྐྱོད་བྱེད་ཐབས་སྣ་མང་ལ་བརྟེན་ནས་དལ་མོར་ངལ་གསོ་བྱེད་དགོས།

ལུགས་མཐུན་གྱི་བྱེད་ཐབས་ནི་ལུས་སྦྱོང་བྱས་རྗེས་ཤ་གནད་རྐྱོང་སྐུམ་འདང་ངེས་བྱས་ཏེ་ཤ་གནད་དང་ལུས་པོ་བདེ་ལ་འབབ་ཏུ་འཇུག་དགོས། འགུལ་སྐྱོད་བྱས་རྗེས་ཤ་གནད་རྐྱོང་སྐུམ་བྱས་ན་ལུས་པོའི་རུས་ཚིགས་ཀྱི་གནོན་ཤུགས་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། ད་དུང་ལུས་པོའི་མཉེན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཤ་གནད་བདེ་ཐང་ཡོང་བར་ཕན། །

རྩོམ་སྒྲིག་པ། འབྲུག་མོ།