རིམས་ནད་མཆེད་པའི་སྐབས་སུ། ཁ་ཐུམ་ནི་ཉིན་རྒྱུན་ང་ཚོས་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པའི་འགོག་སྲུང་མཁོ་ཆས་སུ་གྱུར་ཡོད། ཡིན་ནའང་དུས་ཡུན་རིང་བོར་ཁ་ཐུམ་བརྒྱབ་ཚེ་གནད་དོན་གསར་བ་མི་ཉུང་བ་ཞིག་ཀྱང་འབྱུང་སྲིད་དེ། དཔེར་ན། མི་ལ་ལའི་ངོ་གདོང་གི་སྐྱི་པགས་ལ་གནོད་པ་བཟོ་སྲིད་པ་ལྟ་བུ་རེད།
མི་ལ་ལའི་ངོ་གདོང་གི་སྐྱི་པགས་དེ་མ་གཞི་ནས་ཚོར་སྣང་སྐྱེན་པོ་ཡིན་པས། ཁ་ཐུམ་བརྒྱབ་ནས་ཅུང་ངར་ཚེ། ངོ་གདོང་དམར་པོར་གྱུར་ནས་སྐྲངས་སྲིད་པ་དང་རྨ་འབྲུམ་འབུད་སྲིད།
མི་རྣམས་ཀྱིས་དེ་ནི་ཁ་ཐུམ་གྱིས་བསྐྱེད་པའི་ཚོར་ལྷག་ལོག་པའི་པགས་པའི་གཉན་ཚད་ཡིན་པར་འདོད། དོན་དངོས་སུ། དེ་ནི་ཚོར་ལྷག་ལོག་པ་ལས་བྱུང་བ་ཞིག་མིན། ཚོར་ལྷག་ལོག་པ་ཞེས་པ་ནི་ཐུག་རེག་རང་བཞིན་གྱི་ཚོར་ལྷག་ལོག་པ་དང་། གང་ལ་ཐུག་རེག་བྱས་ཚེ་གནས་དེ་ལ་ཚོར་ལྷག་ལོག་པའི་རྟགས་འབྱུང་སྲིད། ཡིན་ནའང་ཕལ་ཆེ་བའི་ཚོར་ལྷག་འབྱུང་སའི་གནས་ནི་མཁུར་ཚོས་འོག་ཡིན་ཞིང་དེ་ནི་སྐྱི་པགས་ཅུང་ཚོར་སྣང་སྐྱེན་པོའི་གནས་ཡིན།
ཁ་ཐུམ་གྱིས་སྐྱི་པགས་ལ་གནོད་པ་བཟོ་སྲིད་པའང་དངོས་གནས་ཡིན་ཏེ། སྐྱི་པགས་དང་ཁ་ཐུམ་ཐུག་རེག་བྱེད་སའི་གནས་དེ་སྐྲངས་ཤིང་དམར་པོར་འགྱུར་བའམ་ཡང་ན་ཁ་ཐུམ་བརྒྱབ་སའི་གནས་ཧྲིལ་བོ་དམར་པོར་འགྱུར་བ་དང་ཐ་ན་ཆུ་བུར་རྒྱག་སྲིད། གལ་ཏེ་དེ་ལྟ་བུའི་སྣང་ཚུལ་བྱུང་ཚེ། པགས་ནད་ཚན་ཁག་ཏུ་སོང་ནས་གསོ་བཅོས་བྱེད་དགོས།
པྲོག་གསར་གློ་ཚད་ཀྱི་རིམས་ནད་ད་དུང་མཇུག་རྫོགས་མེད་པས། ང་ཚོས་ཁ་ཐུམ་མི་རྒྱག་ཐབས་མེད་ཡིན། དེས་ན་ཇི་ལྟར་བྱས་ན་ད་གཟོད་ཁ་ཐུམ་གྱིས་སྐྱི་པགས་ལ་གནོད་པ་མི་འབྱུང་བའམ་ཡང་ན་འབྱུང་ཚད་ཇེ་ཡང་དུ་གཏོང་ཐུབ་པ་ཡིན་ནམ་ཞེ་ན།
ཡང་དག་པའི་ཐག་གཅོད་བྱེད་ཐབས་ནི། སྐྱི་པགས་ཀྱི་ཚོར་སྣང་སྐྱེན་པོ་ཡིན་པའི་མི་རྣམས་ཀྱིས་ཆེས་སྟབས་བདེ་བའི་ཐག་གཅོད་བྱེད་ཐབས་ནི། ཁ་ཐུམ་རྒྱག་པའི་དུས་ཚོད་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན། དཔེར་ན། ཉིན་རེར་དུས་ཚོད་གཉིས་ཡས་མས་སུ་ཁ་ཐུམ་བརྒྱབ་རྗེས་སྐར་མ་བཅུའི་རིང་ལ་ཁ་ཐུམ་ཕུད་ནས་སྐྱི་པགས་ལ་ངལ་གསོ་རུ་འཇུག་དགོས། ཡིན་ནའང་ངེས་པར་དུ་བདེ་འཇགས་ཡིན་པའི་གནས་ཚུལ་འོག་དེ་ལྟར་བྱེད་དགོས་པ་ཡིད་ལ་ངེས་དགོས།
ཁ་ཐུམ་བརྒྱབ་ནས་ངོ་གདོང་ལ་རྨ་འབྲུམ་བུད་ཚེ་ཇི་ལྟར་བྱ་དགོས།
ཁ་ཐུམ་བརྒྱབ་ནས་ངོ་གདོང་ལ་རྨ་འབྲུམ་བུད་ཚེ། ངལ་གསོའི་དུས་སུ་ཆུ་གཙང་མས་ངོ་གདོང་བཀྲུས་རྗེས་ངོ་སྣུམ་བྱུགས་ནས་ངོ་གདོང་གི་སྐྱི་པགས་སྐམ་དུ་འཇུག་མི་རུང་། གལ་ཏེ་རྨ་འབྲུམ་བུད་པ་ཚབས་ཆེན་གྱི་རིགས་ལ། རབ་ཡིན་ན་ཁ་ཐུམ་རྒྱག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་ཇི་ཐུབ་བྱེད་དགོས། དེ་ལས་གཞན། སྐྱེ་ལུགས་ཚྭ་ཆུའི་བསིལ་དུགས་བྱས་ནའང་སྐྱི་པགས་གཉན་ཚད་ཇེ་ཡང་དུ་གཏོང་ཐུབ། དགོས་ངེས་ཀྱི་སྐབས་སུ་ད་དུང་ངོ་གདོང་ལ་འབྲུམ་སེལ་གཉན་འཇོམས་བྱུག་སྨན་བྱུག་དགོས། དཔེར་ན། ཧྤུའུ་ཞིས་ཏིས་སོན་རུའོ་གོ(夫西地酸乳膏)ལྟ་བུ།
ངོ་གདོང་ལས་གཞན་པའི་གནས་སུའང་པགས་ནད་འབྱུང་སྲིད།
མི་ལ་ལར་ཁ་ཐུམ་བརྒྱབ་ན་ངོ་གདོང་ལས་གཞན་རྣ་སྟེང་དུའང་མི་བདེ་བའི་ཚོར་སྣང་འབྱུང་སྲིད། ལྷག་པར་དུ་རྒྱང་སྒྲིབ་མིག་ཤེལ་གྱོན་ཡོད་པའི་མི་རྣམས་ཀྱིས་རྣ་བའི་སྟེང་དུ་མིག་ཤེལ་ལས་གཞན་ད་དུང་ཁ་ཐུམ་གྱི་ལོང་བུའང་བཀལ་ན། རྣ་སྟེང་གི་སྐྱི་པགས་ལ་གནོད་འཚེ་ཐེབས་ནས་རེད་པ་འབྱུང་སྲིད།
ཡང་དག་པའི་ཐག་གཅོད་བྱེད་ཐབས་ནི། གལ་ཏེ་སྐྱི་པགས་ཟགས་རལ་བྱུང་ཚེ། དུག་སེལ་སྨན་ཆུ་བཀོལ་ནས་་ཉིན་རེར་ཐེངས་འགར་དུག་སེལ་བྱེད་དགོས། དེ་དག་སྔོན་འགོག་བྱེད་ཆེད་སྔ་མོ་ནས་རྣ་སྟེང་གི་སྐྱི་པགས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།
གཞན་ད་དུང་སྨན་བཅོས་མི་སྣས་དུས་ཡུན་རིང་བོརN95ཅན་གྱི་ཁ་ཐུམ་བརྒྱབ་ན། སྣ་བ་མར་མནན་ནས་སྐྲངས་པའམ་ཡང་ན་ཟགས་རལ་འབྱུང་སྲིད་པས། ཆེད་མཁས་པས་བཤད་པ་ལྟར་ན། ཧྲོས་ཉིན་ཅའོ(水凝胶)ཞེས་པའི་རྨ་འཐུམ་སེང་རས་བཙིར་གནོན་ཐེབས་པའི་གནས་དེར་སྦྱར་ན་ཤིན་ཏུ་ཕན་ཟེར།
ཁ་ཐུམ་བླངས་རྗེས་ཡང་དག་པའི་ངོ་གདོང་བཀྲུ་ཐབས།
མི་མང་པོའི་སེམས་སུ། དུས་ཚོད་འགར་ཁ་ཐུམ་བརྒྱབ་རྗེས་ངེས་པར་དུ་ནད་འབུ་སེལ་བྱེད་ཀྱི་འདག་རྫས་བཀོལ་ནས་ངོ་གདོང་གཙང་མར་བཀྲུ་དགོས་པར་འདོད་ཀྱིན་ཡོད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན་ཏེ། རྒྱུ་མཚན་ནི་ཁ་ཐུམ་བརྒྱབ་ཚེ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་མི་སྲིད་པས། ཡང་དང་བསྐྱར་དུ་ངོ་གདོང་བཀྲུ་མི་དགོས། ངོ་གདོང་ཡང་ཡང་བཀྲུས་ན་དེ་ལས་ལྡོག་སྟེ་ངོ་གདོང་གི་སྐྱི་པགས་ལ་གནོད་པ་ཐེབས་སྲིད། སྤྱིར་རྔུལ་ཆུ་དང་མཆིལ་ཟགས་ཚང་མ་ཧ་ལམ་ཆུར་ཞུའི་རང་བཞིན་ཡིན་པ་དང་། ཚིམ་སྣུམ་ཡང་དྲོད་ཚད་ངེས་ཅན་གྱི་འོག་ཏུ་ཞུ་འགྲོ་བས། དུས་རྒྱུན་ང་ཚོས་ངོ་གདོང་བཀྲུ་སྐབས། ཆུ་དྲོད་འཇམ་གྱི་ནང་དུ་ལག་ཕྱིས་སྦངས་ནས་བཀྲུས་པས་ཆོག ངོ་གདོང་ལ་སྐག་ཚོས་སོགས་མང་པོ་བྱུག་མེད་ན་ཆུ་གཙང་མས་བཀྲུ་བ་དེ་ཆེས་སྟབས་བདེ་དང་ཆེས་ལེགས་པའི་ངོ་གདོང་བཀྲུ་ཐབས་ཡིན།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།