གཉིད་ཆག་སྟེ་ལག་ཁྱེར་ཁ་པར་རྩེ་བ་ནི་ད་ལྟའི་ན་གཞོན་རྣམས་ཀྱི་རྒྱུན་རྣམ་ཞིག་རེད། མི་མང་ཤོས་ཤིག་གིས་མིག་འབྱེད་མི་ཐུབ་པའི་བར་དུ་ལག་ཁྱེར་ཁ་པར་རྩེས་རྗེས། ད་གཟོད་ལག་ཁྱེར་ཁ་པར་པང་དུ་རུམ་ནས་གཉིད་འགྲོ་བ་རེད། རྒྱུན་དུ་དེ་ལྟར་མཚན་བརྒལ་ན་མིའི་ལུས་སྟེང་གི་སྐྱེ་དངོས་ཆུ་ཟིན་འཁྲུགས་ཏེ་ནང་གི་ཟགས་ཐོན་གྱི་བྱེད་ནུས་མང་པོ་ཞིག་འཁྲུགས་ཤིང་རྙོག་འགྲོ་ལ། ནང་སྒོས་སུ་བུད་མེད་རྣམས་རྒྱུན་དུ་མཚན་བརྒལ་ན་མངལ་སྦྲུམ་པར་གནོད་པ་ཐེབས་སྲིད། དེའི་མི་ཚད་དུས་ཡུན་རིང་པོར་མཚན་བརྒལ་ན་ད་རུང་གཤམ་གྱི་གནོད་པ་འདི་དག་ཡོད་པ་སྟེ།
ཟླ་མཚན་མི་སྙོམས་པ།
རྒྱུན་དུ་མཚན་བརྒལ་ནས་གཉིད་ཆག་ན་ལུས་སྟེང་གི་རྒྱུན་ལྡན་གྱི་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་ནས། ནང་གི་ཟགས་ཐོན་གྱི་བྱེད་ནུས་མང་པོ་ཞིག་འཁྲུགས་པའི་དབང་གིས། རྒྱུན་ལྡན་གྱི་ཁམས་དམར་ཕུད་པའི་དུས་སྐབས་ལ་གནོད་འཚེ་ཐེབས་ཏེ། ཟླ་མཚན་མི་སྙོམས་པའི་གནས་ཚུལ་འབྱུང་སྲིད། གཞི་གྲངས་ལས་མངོན་པ་ལྟར་ན། རྒྱུན་དུ་མཚན་བརྒལ་ནས་གཉིད་ཆག་པའི་བུད་མེད་ཀྱི་ཟླ་མཚན་མི་སྙོམས་པའི་ཚད་དུས་ཚོད་ལྟར་ངལ་གསོ་བྱེད་པའི་བུད་མེད་ལས་ལྡབ་གཉིས་ཀྱིས་མཐོ་བ་རེད།
སྐྱེ་ལམ་གཉན་ཚད།
སྐྱེ་ལམ་གཉན་ཚད་ཀྱང་འཚོ་བའི་གོམས་གཤིས་མི་ལེགས་པ་ལས་བྱུང་བའི་ནད་ཅིག་ཡིན་ཏེ། འཚོ་བ་དང་བྱ་བར་གནོན་ཤུགས་ཆེ་བའི་དབང་གིས། རྒྱུན་དུ་ལས་ཡུན་ཁ་སྣོན་བྱས་ཏེ་ནམ་གུང་ད་གཟོད་ངལ་གསོ་བྱས་ན། ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། སྐྱེ་ལམ་གྱི་རིམས་འགོག་ནུས་པ་བསྟུད་མར་ཇེ་ཞན་དུ་གྱུར་ནས་ནད་དུག་སྣ་ཚོགས་འབྱུང་སླ་བ་རེད། དུས་རྒྱུན་དུ་རང་སྟེང་གི་གཙང་སྦྲར་དོ་སྣང་ལེགས་པོ་བྱས་ནའང་རིམས་འགོག་ནུས་པ་ཞན་ན་གཉན་ཚད་རྒྱས་ཚད་སྔར་བཞིན་ཧ་ཅང་མཐོ།
བསམ་སེའུ་རྒུད་སྔ་བ།
བསམ་སེའུ་སྔ་མོ་ནས་ཉམས་རྒུད་འབྱུང་བ་ནི་བུད་མེད་ལ་མངལ་མི་སྦྲུམ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། མཚན་བརྒལ་བ་ནི་བསམ་སེའུ་རྒུད་སྔ་བའི་འབྱུང་རྐྱེན་གཙོ་བོ་རེད། དེང་རབས་གསོ་རིག་ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་ཡུན་ཐུང་ངུའི་རིང་མཚན་བརྒལ་ནས་གཉིད་ཆག་ན། བུད་མེད་ཀྱི་སྐུལ་རྩི་ཟགས་ཐོན་མི་འབྱུང་བ་དང་ཟླ་མཚན་སྙོམས་པོ་མི་ཡོང་བར་མ་ཟད། རིམས་འགོག་ནུས་པ་ཡང་ཇེ་ཞན་དུ་འགྲོ་བའི་དབང་གིས། མོ་ནད་རིགས་ཀྱི་གཉན་ཚད་སྣ་ཚོགས་འབྱུང་བ་རེད། རྒྱུན་དུ་མཚན་བརྒལ་ན་བསམ་སེའུ་རྒུད་སྔ་བའི་ནད་རྟགས་འབྱུང་སླ་བས། མངལ་སྦྲུམ་པར་གནོད་པ་ཆེན་པོ་ཡོད།
ནུ་རྨེན་འཕར་སྐྱེ།
ནུ་རྨེན་འཕར་སྐྱེ་ནི་འབྱུང་ཚད་མཐོ་བའི་བུད་མེད་ཀྱི་ནད་རིགས་ཤིག་ཡིན་ཏེ། མི་མང་པོ་ཞིག་གིས་ཁོང་ཁྲོ་ལངས་པ་ནི་ནུ་རྨེན་འཕར་སྐྱེ་འབྱུང་བའི་རྒྱུ་རྐྱེན་ཡིན་པ་ཤེས་མོད། འོན་ཀྱང་མཚན་བརྒལ་བ་ཡང་དེའི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན་པ་ཤེས་ཀྱིན་མེད། མཚན་བརྒལ་ན་ལུས་སྟེང་གི་མ་ལག་སྣ་ཚོགས་རྒྱུན་ལྡན་སྒོས་འཁོར་སྐྱོད་བྱེད་པར་གནོད་འཚེ་ཐེབས་པ་དང་། ནང་གི་ཟགས་ཐོན་སྙོམས་པོ་མི་ཡོང་བའི་དབང་གིས་ནུ་རྨེན་འཕར་སྐྱེ་འབྱུང་བ་རེད།
དེ་བས་འདི་རུ་བུད་མེད་རྣམས་ལ་དྲན་སྐུལ་ཞིག་བྱེད་རྒྱུ་ནི། དུས་ཚོད་ལྟར་ངལ་གསོ་བ་ལས་རྒྱུན་དུ་མཚན་བརྒལ་ནས་གཉིད་དཆག་མི་རུང་ལ། རྒྱུན་དུ་མཚན་བརྒལ་ནས་གཉིད་ཆག་ན་ནང་གི་ཟགས་ཐོན་གྱི་བྱེད་ལས་འཁྲུགས་ཏེ་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད། །
ལོ་ཙཱ་བ། འབྲུག་མོ།