ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ཏེ་རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་ཉིན་མོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སློབ་གསོ་དང་ཚན་རིག འཕྲོད་བསྟེན། ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་འཚམས་འདྲི་ཡི་གེ་བསྐུར་ནས། ཞིང་ཆེན་ཡོངས་ཀྱི་ནད་གཡོག་པར་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཞུས་པ་དང་། ལས་གནས་སུ་བྱ་བར་འཐད་འཐབ་བྱེད་བཞིན་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་ཐད་བྱས་རྗེས་བཞག་པའི་བླ་མེད་ཀྱི་དད་གུས་ཞུས།
འཚམས་འདྲི་ཡི་གེའི་ནང་བཤད་རྒྱུར། ལྔ་བའི་ཚེས་བཅུ་གཉིས་ཉིན་གྱི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ནི་དེང་རབས་ནད་གཡོག་པའི་རིག་ཚན་གྱི་སྲོལ་གཏོད་མཁན་ནན་ཏེན་གིར་ལ་རྗེས་དྲན་བྱེད་ཆེད་བཙུགས་པ་ཡིན། དུས་ཡུན་རིང་བོར། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ནད་གཡོག་གི་བྱ་བ་སྒྲུབ་མཁན་ཚོས་ཚེ་སྲོག་ལ་བརྩི་བཀུར་དང་སྲོག་སྐྱོབ་རྨས་སྐྱོར། གཏོང་ཕོད་པ་དང་བྱམས་ལྡན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། ཚེ་སྲོག་གི་སྲུང་སྐྱོབ་པ་བྱས་ནས། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། འཆམ་མཐུན་གྱི་ནད་པ་དང་སྨན་པའི་འབྲེལ་བ་འཛུགས་པ། མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་བཞག ལྷག་པར་དུ་འགོས་ནད་ལྕི་མོ་དང་རང་བྱུང་གནོད་འཚེ་ལ་འགོག་རྒོལ་བྱེད་སྐབས། རྒྱ་ཆེའི་ནད་གཡོག་པ་ཚོས་ཉེན་ཁར་མི་སྐྲག་པ་དང་བདེན་ཐོན་ཐད་ལ་ཕྱིར་བཤོལ་མི་བྱེད་པ། ཞུམ་མེད་མདུན་སྐྱོད། རང་དོར་གཞན་སྐྱོབ་བྱས་པས། སྤྱི་ཚོགས་ཡོངས་ཀྱི་བསྔགས་བརྗོད་ཐོབ་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ཡོད་ཟེར།
འཚམས་འདྲི་ཡི་གེའི་ནང་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མི་སྣ་ཉིས་བརྒྱ་དང་ཞེ་དགུ་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་སོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས། ནད་འགོག་ལྭ་བ་དང་མིག་སྲུང་མིག་ཤེལ། ཁ་ཐུབ་བརྒྱབ་ནས་བསྟུད་མར་དུས་ཚོད་བཅུ་ཕྲག་ལྷག་ལ་བྱ་བ་བསྒྲུབ་པ་དང་། དུས་ནམ་ཞིག་ལ་རིམས་ནད་འགོས་སྲིད་པའི་ཉེན་ཁ་ལ་མ་འཛེམ་པར་སྟོབས་ཤུགས་ཡོད་རྒུས་ནད་དུག་ལ་འགོག་རྒོལ་བྱེད་པ་དང་སྲོག་སྐྱོབ་རྨས་སྐྱོར་གྱི་ཁྲོད་ཞུགས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ནན་ཏེན་གིར་གྱི་ཉེན་ཁ་ལ་མི་སྐྲག་པ་དང་གཏོང་ཕོད་པ། སྲོག་སྐྱོབ་རྨས་སྐྱོར་དང་རང་སྲོག་བློས་གཏོང་ཐུབ་པའི་མི་གཞུང་རིང་ལུགས་སྙིང་སྟོབས་ལག་བསྟར་བྱས། ཞིང་ཆེན་ཡོངས་ཀྱི་ནད་གཡོག་པས་དམིགས་བསལ་གྱི་ཉིན་འདིར། ནན་ཏིན་གིར་གྱི་དམ་བཅའ་དང་རང་སྟེང་གི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། སྔོན་ཐོན་མིག་དཔེ་རུ་བྱེད་པ། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་ལ་ཤུགས་སྣོན་པ་དང་རྩལ་ནུས་མཐོར་འདེགས་གཏོང་བ། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་ལེགས་བསྒྱུར་བྱེད་པ། ནད་པ་དང་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་དེ་སྤུས་ལེགས་ཞབས་ཞུ་དང་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ཚད་གཞི་རུ་བྱེད་པ་དང་། སྔོན་ཐོན་གྱི་ནད་གཡོག་འདུ་ཤེས་དང་རྩེར་སོན་གྱི་ནད་གཡོག་ལག་རྩལ། སྤུས་ལེགས་ཀྱི་ནད་གཡོག་ཞབས་ཞུ་ལ་བརྟེན་ནས། ལྷག་བསམ་རྣམ་དག་དང་བརྩེ་སེམས་ཟབ་མོས་ནད་པ་རེ་རེར་ཞབས་འདེགས་ཞུ་བ་པ་དང། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་བྱས་རྗེས་གསར་བ་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཡང་བསྐྱར་གྲུབ་འབྲས་ལེན་དགོས། ཞིང་ཆེན་ཡོངས་ཀྱི་ནད་གཡོག་བྱ་བ་སྒྲུབ་མཁན་ཚོའི་ལུས་ཕུང་བདེ་ཐང་ཡོང་བ་དང་བྱ་བ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།
རྩོམ་སྒྲིག་པ། འབྲུག་མོ།