ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད།
2020.05.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 20

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་རྗེས་སུ། རྒྱ་ཆེའི་ནད་གཡོག་པས་འཛེམ་དོགས་ཅི་ཡང་མེད་པར་ངག་བཅོལ་དང་དུ་བླངས་ཤིང་། དཔའ་སྤོབས་ཆེན་པོས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་སྲུང་བྱེད་པའི་འཐབ་རྩོད་ཀྱི་ལས་ཡུལ་དང་པོར་སོང་སྟེ། ཀྲུང་གོའི་རིམས་ནད་འགོག་སྲུང་གི་རྒྱལ་ཁ་ལོན་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག དོན་དངོས་བྱ་སྤྱོད་ཀྱིས་ཚེ་སྲོག་གོང་བཀུར་དང་ནད་བཅོས་སྲོག་སྐྱོབ། གཏོང་ཕོད་ཀྱི་བློ་སྤོབས་ཆེ་བ་དང་། སྙིང་རྗེ་ཆེན་མོའི་བླ་མེད་སྙིང་སྟོབས་ལག་ལེན་དུ་བསྟར་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནད་གཡོག་བྱ་བ་ནི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ནད་གཡོག་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཤིང་། ནད་གཡོག་པའི་དཔུང་སྡེའི་འཛུགས་སྐྲུན་དེ་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་ཀྱི་རྨང་གཞིའི་བྱ་བ་གཙོ་བོར་དམ་འཛིན་བྱས་ཏེ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་སྤེལ་དང་སྔོན་ཐོན་དཔེ་སྟོན་དྲིལ་སྒྲོག་བྱས་ནས། ཕུལ་བྱུང་ནད་གཡོག་པས་དུས་ཡུན་རིང་བོར་ནད་གཡོག་བྱ་བ་གཉེར་བར་རྒྱབ་སྐྱོར་བྱེད་དགོས། སྤྱི་ཚོགས་ཧྲིལ་བོས་ནད་གཡོག་པར་བཟོད་སྒོམ་དང་རྒྱབ་སྐྱོར་བྱེད་དགོས་ལ། རྒྱ་ཆེའི་ནད་གཡོག་པ་དག་གིས་ཕུལ་བྱུང་གི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། ཡང་འབད་བསྐྱར་འབད་དང་བརྩེ་བ་རྣལ་མས་ཡོད་ཚད་ཕུལ་ནས།  བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་དང་འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱུན་ཆད་མེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་ཐུགས་རེ་བཏོན།

རྩོམ་སྒྲིག་པ། འབྲུག་མོ།