སྨན་ཁང་དུ་འགྲོ་སྐབས་ཁ་ཐུམ་རྒྱག་པ་དེ་གོམས་གཤིས་སུ་འགྱུར་དུ་འཇུག་དགོས།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

ཐེངས་འདིའི་པྲོག་གསར་གློ་ཚད་ཀྱིས་ང་ཚོར་དཀའ་ཁག་དང་ཤུགས་རྐྱེན་ངན་པ་མང་པོ་བཟོས་པས། རིམས་ནད་འདི་བརྒྱུད་མྱོང་བའི་མི་སུ་དང་སུ་ཞིག་ཡིན་རུང་རྐྱེན་ངན་འདི་བརྗེད་མི་སྲིད། རིམས་ནད་ཚབས་ཆེན་འདི་བརྒྱུད་རྗེས་ང་ཚོས་ཀྱང་བསླབ་བྱ་བསྡུ་ལེན་བྱས་ཏེ། རང་ཉིད་ལ་དགོས་ངེས་ཀྱི་འགྱུར་བ་གཏོང་དགོས། ང་རང་ཉིད་ཀྱིས་བལྟས་ན། སྨན་ཁང་དུ་འགྲོ་སྐབས་ཁ་ཐུམ་རྒྱག་པ་དེ་ནི་གོམས་གཤིས་ཆེས་ལེགས་པོ་ཞིག་རེད།

པྲོག་གསར་གློ་ཚད་ཀྱི་དབང་གིས་ཁ་ཐུམ་ནི་རྒྱལ་ཡོངས་སུ་དགོས་གལ་ཆེས་ཆེ་བའི་མཁོ་དངོས་གལ་ཆེན་ཞིག་ཏུ་གྱུར་པ་དང་། སྐབས་ཤིག་ལ་ཁ་ཐུམ་ཉོ་དཀའ་བའི་གནས་སུ་ལྷུང་ཡོད། ཁ་ཐུམ་གྱིས་ནད་རིགས་འགོས་ཁྱབ་སྔོན་འགོག་བྱེད་པའི་ཐད་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད།

པྲོག་གསར་གློ་ཚད་དང་དེ་མིན་ད་རུང་འགོས་ནད་མང་པོ་ཞིག་སྟེ། དཔེར་ན་རྒྱུན་མཐོང་གི་འགོས་ཁྱབ་ཆེ་བའི་ཆམ་པ་ལྟ་བུའང་ཁ་ཐུམ་བརྒྱབ་སྟེ་སྔོན་འགོག་བྱེད་དགོས། ཉེ་སྔོན་ཨ་མེ་རི་ཁར་འགོས་ཁྱབ་ཆེ་བའི་ཆམ་པ་བྱུང་སྟེ། མི་བྱེ་བ་གཉིས་དང་ས་ཡ་དྲུག་ལ་འགོས་པ་དང་། མི་ཁྲི་གཅིག་དང་སྟོང་དྲུག་ཤི་བའི་གནས་ཚུལ་ཚབས་ཆེན་བྱུང་བས། ཚང་མས་དེ་ལ་དོ་སྣང་ཆེན་པོ་བྱེད་འོས། འགོས་ནད་བྱུང་བ་དང་གང་སར་ཁྱབ་པ་སྔོན་འགོག་བྱེད་པ་དང་ཡང་ན་ཇེ་ཉུང་དུ་གཏོང་རྒྱུ་ནི་དམངས་ཡོངས་ཀྱི་གཅིག་མཐུན་ངོས་ཟིན་དང་འགན་འཁྲི་རུ་འགྱུར་བར་བྱེད་པ་དང་། ང་ཚོའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་གོམས་སུ་འཇུག་དགོས།

དེ་བས་ང་རང་ཉིད་ཀྱིས་བལྟས་ན། རྗེས་ཕྱོགས་ད་རུང་མུ་མཐུད་དུ་བདེ་ཐང་ཕྱོགས་ཀྱི་དྲིལ་སྒྲོག་སློབ་གསོ་གཏོང་བར་ཤུགས་སྣོན་བྱས་ཏེ། ཁྱིམ་ཚང་རེ་རེ་ཡིས་དུས་རྒྱུན་དུ་ཁ་ཐུམ་འདང་ཚོད་གྲ་སྒྲིག་བྱེད་པ་དང་། སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་པ་དང་ནད་པར་འགྲོ་རོགས་བྱེད་པ་སོགས་ཀྱི་སྐབས་སུ། རང་འགུལ་གྱིས་ཁ་ཐུམ་བརྒྱག་དགོས། དེ་ལྟར་བྱས་ན་གཅིག་ནས་མི་གཞན་ལ་འགན་འཁུར་ནས་ནད་རིགས་སྣ་ཚོགས་ཀྱི་འགོས་ཚད་ཇེ་དམའ་རུ་གཏོང་ཐུབ་པ་དང་། གཉིས་ནས་ནད་པ་རྣམས་ཀྱི་རིམས་འགོག་ནུས་ཤུགས་མ་གཞི་ནས་ཞན་པས། ཁ་ཐུམ་བརྒྱབ་ན་སྨན་ཁང་དུ་ནད་རིགས་གཞན་པ་འགོ་པ་སྔོན་འགོག་བྱེད་ཐུབ། སྨན་ཁང་དུ་ཡོད་པའི་སྨན་པ་དང་ནད་གཡོག་སོགས་ཀྱིས་བྱ་བའི་ཁྲོད་ཁ་ཐུམ་རྒྱག་པའི་གོམས་གཤིས་ཆགས་སུ་འཇུག་དགོས་ལ། ནང་སྒོས་སུ་སྒོ་བསྟེན་ཁང་གི་སྨན་པ་དང་ནད་གཡོག་གིས་རང་ཉིད་ལ་འགོག་སྲུང་བྱེད་ཚད་ཇེ་དྲག་ཏུ་བཏང་ནས་སྨན་ཁང་དུ་ཕན་ཚུན་ལ་འགོ་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་དགོས།

ཁ་ཐུམ་རྒྱག་པ་དང་ཁང་པའི་ནང་དུ་རླུང་རྒྱུ་རུ་འཇུག་པ། རྒྱུན་དུ་ལག་པ་བཀྲུ་བ་སོགས་ནི་གཙང་སྦྲའི་གོམས་གཤིས་ཧ་ཅང་ལེགས་པོ་ཞིག་ཡིན་པས། དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་ཇེ་དྲག་ཏུ་འགྲོ་བ་དང་། འགོག་སྲུང་བྱེད་ཐབས་གནད་དུ་ཁེལ་ན། ད་གཟོད་འགོས་ནད་ཁྱབ་པ་རྩ་བ་ནས་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།