ཤ་གནད་ལ་རྨས་ཕོག་རྗེས་མྱུར་མོར་ཚ་ལུམས་བསྟེན་ན་ཕན་པ་ཡོད་དམ།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཤ་གནད་ལ་རྨས་ཕོག་རྗེས་མྱུར་མོར་ཚ་ལུམས་བསྟེན་ན་ཕན་པ་ཡོད་དམ་ཟེར་ན། གནས་ཚུལ་ལ་གཞིགས་ནས་ཐག་གིས་གཅོད་པ་ལས། མཐའ་གཅིག་ཏུ་ནུས་པ་ཡོད་ཟེར་རྒྱུ་དཀའ་མོ་ཞིག་རེད། ཚ་ལུམས་བསྟེན་ན་ལུས་པོའི་དྲོད་ཚད་ཇེ་མཐོར་སོང་ནས། ཁྲག་རྩ་ལྷོད་པོར་འགྱུར་བ་དང་། ཁྲག་གི་འཁོར་རྒྱུག་ཇེ་དྲག་ཏུ་སོང་ནས་རྨས་ཕོག་གནས་ཀྱི་རྙིང་ཚབ་གསར་བརྗེ་བྱེད་ཚད་ཇེ་མགྱོགས་སུ་འགྲོ་ཐུབ་པས། གཉན་ཚད་ཀྱི་ནད་རོ་ཕྱིར་འདོན་པར་ཕན་པ་ཡོད། ཚ་ལུམས་བསྟེན་ན་ལུས་པོ་མཉེན་པོར་འགྱུར་ཐུབ་ལ་ལྷུ་ཚིགས་རེངས་འགྱུར་དང་ཤ་གནད་འཁུམ་ཚད་ཇེ་དམའ་རུ་གཏོང་ཐུབ་པར་མ་ཟད། ད་དུང་ན་ཟུག་འཇོམས་པ་དང་སེམས་ཁམས་དྭངས་མོར་གཏོང་ཐུབ། ཚ་ལུམས་བསྟེན་པའི་དུས་སྐབས་དེ་ཕུང་བོའི་གནས་ཚུལ་དངོས་ལ་བསྟུན་པ་ལས་རྨས་རྗེས་ཀྱི་དུས་ཚོད་ལྟར་སྨན་བཅོས་བྱེད་མི་རུང་།

སྤྱིར་བཏང་གློ་བུར་དུ་གཉན་ཚད་རྒྱས་པའམ་རྨས་ཕོག་མ་ཐག་འཁྱག་རོམ་གྱིས་བདུག་དགོས། དལ་བའི་རང་བཞིན་གྱི་གཉན་ཚད་དམ་རྨས་ཕོག་ནས་དུས་ཚོད་ཅུང་ཙམ་འགོར་བ་ཡིན་ན་ཚ་ལུམས་བྱས་ན་ལེགས། གོ་བདེའི་སྒོ་ནས་འགྲེལ་ན། ལུས་སྟེང་གི་ན་ཟུག་ལངས་པའི་གནས་དེ་དམར་པོར་གྱུར་པ་དང་སྐྲངས་པ། ན་ཟུག་ཡོད་པ། དེ་མིན་འགུལ་སྐྱོད་བྱེད་སྐབས་གློ་བུར་དུ་རྨས་ཕོག་པ་ཡིན་ན་འཁྱག་དུགས་བསྟེན་དགོས། གཉན་ཚད་རྒྱས་པ་དང་རྨས་ཕོག་པའི་གནས་དེ་སྐྲངས་མེད་པ་དང་། དམར་པོར་གྱུར་མེད་པ། ཚ་རྒྱས་མེད་པའི་སྐབས་སུ་ཚ་ལུམས་བསྟེན་དགོས། དེའི་ཕྱིར། རྨས་ཕོག་མ་ཐག་ཚ་ལུམས་བསྟེན་པ་ནི་ནོར་འཁྲུལ་ཡིན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།