མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚགས་དམ་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་ཞབས་ཞུའི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་གི་ཡུལ་དངོས་ལྟ་སྐུལ་ཚོགས་འདུ་ཁྲི་ཀ་རྫོང་དུ་འཚོགས་པ།
2020.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚགས་དམ་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་ཞབས་ཞུའི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་གི་ཡུལ་དངོས་ལྟ་སྐུལ་ཚོགས་འདུ་ཁྲི་ཀ་རྫོང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལས་ཀའི་ཉམས་མྱོང་བརྗེ་རེས་དང་སྐབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་འདུས་གྲུབ་འཛུགས་སྐྱོང་བྱ་རྒྱུ་ནི་རེས་སྐོར་གསར་པའི་གཞི་རིམ་སྨན་བཅོས་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཤིག་ཡིན་ལ། མ་འོངས་བའི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་གྱུར་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་རེད། རིམ་པ་སོ་སོའི་སྲིད་གཞུང་གིས་གཞི་རིམ་གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རྫོང་རིམ་པའི་སྨན་ཁང་དང་ཞང་གྲོང་འཕྲོད་བསྟེན་ཁང་གི་ད་ཡོད་ཕན་ཁེའི་རྣམ་པ་མེད་པར་བཟོས་ཤིང་རྫོང་ཁོངས་ཀྱི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་དབྱེའི་སྨན་བཅོས་ལམ་ལུགས་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་ནས་ཐོག་མའི་ནད་དཔྱད་བྱེད་པ་དང་རིམ་དབྱེའི་སྨན་བཅོས་བྱེད་པ། ལུགས་མཐུན་སྨན་བཅོས་བྱེད་པ། གོང་འོག་མཉམ་འགུལ་བཅས་ཀྱིས་སྨན་བཅོས་སྒྲིག་ལམ་གང་མགྱོགས་བཙུགས་ནས་མང་ཚོགས་ཚོས་སྒོ་ཁྱིམ་ཕྱི་ནང་ནས་བློ་བདེའི་ངང་སྨན་བཅོས་ཐུབ་པར་འགན་ལེན་བྱེད་དགོས། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་དང་སྨན་བཅོས་འགན་བཅོལ་གྱི་གླ་ཆ་སྤྲོད་སྟངས་གང་མགྱོགས་ངང་སྒྱུར་བཅོས་བྱས་ཏེ། “དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཟུང་འབྲེལ”ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་འགན་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་མི་སེར་གྱི“ནད་སྟོན་དཀའ་བ་དང་། སྨན་རིན་མཐོ་བ། ནད་བཅོས་ལ་སུན་པ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དུས་མཚུངས་སུ་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་བསྣན་ཏེ་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་དང་སྤུས་ཚད་མཐོན་པོའི་སྒོ་ནས་རྫོང་ཁོངས་སྨན་བཅོས་འདུས་གྲུབ་འཛུགས་སྐྱོང་གི་ལས་འགན་ལེགས་སྒྲུབ་བྱས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུ་མ་འཚོགས་གོང་། ཁོང་ཡུང་དང་ཚོགས་ཞུགས་འཐུས་མིས་ཁྲི་ཀ་རྫོང་མི་དམངས་སྨན་ཁང་དང་ཧི་ཏུང་ཞང་ལྟེ་བའི་འཕྲོད་བསྟེན་ཁང་། ཧི་ཞི་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་བཅས་ཀྱིས་ཚགས་དམ་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་འདུས་གྲུབ་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་བྱས་པ་རེད།   །

རྩོམ་སྒྲིག་པ། འབྲུག་མོ།