ཀྲུང་ལུགས་ལ་བརྟེན་ནས་མིག་ཚེགས་གསོ་ཐབས།
2020.06.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

བྲེལ་ཟིང་ཆེ་བའི་བྱ་བའི་ཁྲོད་དུ་རྒྱུན་པར་མིག་ཚེགས་པའམ་སྐམ་པ།  རབ་རིབ་ཏུ་འགྱུར་བ། ཡང་ན་མིག་ཆུ་བཞུར་བ་དང་མིག་སྐྱི་སྐྲངས་པ་སོགས་ཀྱི་གནས་ཚུལ་བྱུང་བ་དེ་ནི་མིག་ཚེགས་པའི་མངོན་རྟགས་རེད།

ཉེ་བའི་ལོ་འདི་འགའི་རིང་ལ། ལག་འཁྱེར་ཁ་པར་དང་གློག་ཀླད་སོགས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱས་པར་བརྟེན། རང་རྒྱལ་དུ་མིག་ཚེགས་བྱུང་བའི་ནད་པ་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་། མི་མང་པོས་ད་དུང་དེའི་གནོད་འཚེའི་རང་བཞིན་ལ་གསལ་ཆ་ཆེན་པོ་མི་འདུག  དོན་དངོས་སུ་མིག་ཚེགས་བྱུང་བ་ན་དེ་ལས་གཞན་པའི་ལུས་པོ་ཡོངས་ལའང་མི་བདེ་བའི་ཚོར་བ་ཡོད་པས། ལུས་སེམས་བདེ་ཐང་ལ་གནོད་པ་ཐེབས་སྲིད།

མིག་སྔར། མིག་ཚེགས་ནད་ལ་ཆེས་ཕན་པའི་སྨན་བཟང་པོ་ཞིག་གམ་བྱེད་ཐབས་ལེགས་པོ་ཞིག་ད་དུང་རྙེད་མ་བྱུང་མོད།  ཡིན་ཡང་རྒྱུ་རྐྱེན་སྣ་ཚོགས་ལས་བསླངས་པའི་མིག་ཚེགས་ནད་དེར་ཀྲུང་ལུགས་སྨན་རྫས་ཀྱི་གསོ་བཅོས་བྱས་ན་ཕན་ནུས་ཅུང་ལེགས་པོ་ཐོན་ཐུབ།

དང་པོ། མིག་མཐའི་གསང་མིག་ལ་ཕུར་མཉེད་བྱེད་པ།

མིག་མཐར་གསང་མིག་ཧ་ཅང་མང་པོ་ཡོད་པས། མིག་སྲུང་སྦྱོང་བརྡར་བྱེད་པའམ་མིག་མཐའི་གསང་མིག་ལ་ཕུར་མཉེད་བྱས་ན་མིག་ཚེགས་ནད་ལ་ཕན་ནུས་བཟང་པོ་ཞིག་ཐོན་ཐུབ་པས། དེ་ནི་རང་ཉིད་བདེ་སྲུང་བྱེད་པའི་ཐོག་མའི་བྱེད་ཐབས་ལེགས་ཤོས་ཤིག་ཡིན། སྦྱོང་བརྡར་བྱེད་སྐབས། ཐོག་མར་མིག་གཉིས་བཙུམ་རྗེས་མིག་མཐའི་གསང་མིག་རྣམས་ལ་ཕུར་མཉེད་བྱེད་དགོས། དེ་ཡང་གཤམ་དུ་ཚང་མར་མིག་མཐའི་གསང་མིག་ལ་ཕུར་མཉེད་བྱེད་པའི་སྦྱོང་བརྡར་བྱེད་ཐབས་འགའ་ངོ་སྤྲོད་བྱས་ན།

1. ལག་མཐིལ་ཕན་ཚུན་ཕུར་མཉེད་བྱས་ནས་ངར་དུ་བཅུག་རྗེས། ལག་ཡང་མོས་མིག་འབྲས་སྟེང་ཐེངས་གསུམ་ནས་ལྔར་གློན་དགོས།

2.ལག་མཐིལ་གྱི་མིག་འབྲས་ལ་གློན་པའི་དུས་མཉམ་དུ། མིག་རིལ་གཡས་གཡོན་དང་སྟེང་འོག་ཏུ་ཐེངས་ཉི་ཤུ་ཙམ་ལ་འཁོར་དགོས། མིག་རིལ་འཁོར་འཁོར་བྱེད་སྐབས་ཤུགས་གཏན་ནས་བཀོལ་མི་རུང་བ་དང་རྒྱང་སྒྲིབ་མིག་ནད་ཚབས་ཆེན་བྱུང་ཡོད་པའི་མིས་སྦྱོང་བརྡར་དེ་མ་བྱས་ན་བཟང་།

3.མཐེ་བོང་དང་གོང་མཛུབ་ཀྱིས་མིག་གི་ནང་ནས་ཕྱི་རུ་སྨིན་མ་དེད་ནས་མུར་གོང་གི་མཚམས་སུ་ཐེངས་བཅུ་ཙམ་གནོན་དགོས་པར་མ་ཟད། མུར་གོང་གི་གནས་སུ་ཅུང་ཤུགས་བཀོལ་ནས་གནོན་དགོས།

4.མིག་མཐའི་གསང་མིག་དང་ངུ་འབོད་གསང་མིག མུར་གོང་དང་སྐྱོར་གོང་གི་གསང་མིག་བཅས་ལ་རིམ་བཞིན་ཕུར་མཉེད་བྱས་རྗེས། དེ་དག་ལ་ཐེངས་ཉི་ཤུ་ཙམ་ལ་གནོན་དགོས།

5.གོང་གི་སྦྱོང་བརྡར་དེ་དག་བྱས་རྗེས། དུས་ཡུན་སྐར་མ་གཉིས་ཙམ་གྱི་རིང་ལ་མིག་གཉིས་བཙུམ་ཞིང་ལུས་ཡོངས་ལྷོད་པོར་གནས་ནས་ངལ་གསོ་དགོས།

གཉིས་པ། ཀྲུང་ལུགས་སྨན་རྫས་ཀྱི་སྦྱོར་སྨན་དང་དྲོད་བདུག་བྱེད་ཐབས།

ཀྲུང་ལུགས་སྨན་རྫས་ཀྱི་སྦྱོར་སྨན་དང་དྲོད་བདུག་བྱེད་ཐབས་དེ་ནི་ཀྲུང་ལུགས་ཀྱི་མིག་ནད་ཚན་ཁག་གི་ཕྱི་བཅོས་བྱེད་ཐབས་ཤིག་རེད། ཀྲུང་ལུགས་སྨན་རྫས་ཀྱི་སྦྱོར་སྨན་དེ་གློག་གྱེས་རྡུལ་ལ་བརྟེན་ནས་སྨན་རྫས་ཐད་ཀར་དུ་མིག་ནང་དུ་སིམ་པར་བྱེད་པ་དང་། དུས་མཚུངས་སུ་རྩྭ་སྨན་གྱིས་དྲོད་བདུག་བྱས་ན། མིག་གི་ནུས་པ་ཇེ་བཟང་དུ་གཏོང་ཐུབ། བྱེད་ཐབས་འདི་ནི་སྲོལ་རྒྱུན་གསོ་རིག་དང་དེང་རབས་ཚན་རིག་ལག་རྩལ་གཉིས་ཕན་ཚུན་ཟུང་འབྲེལ་བྱས་པའི་བྱེད་ཐབས་ཤིག་རེད། སྲོལ་རྒྱུན་གྱི་རྩྭ་སྨན་གྱི་བསྟེན་ཐབས་དང་བསྡུར་ན་དེ་ལ་བདེ་འཇགས་ཡིན་པ་དང་རིན་གོང་དམའ་བ། སྟབས་བདེ་བ། ཕན་ནུས་ལེགས་པ་སོགས་ཀྱི་དགེ་མཚན་ལྡན། མིག་ལ་དྲོད་བདུག་བྱས་རྗེས་མིག་ཟུང་བཙུམ་ནས་ངལ་གསོ་ལེགས་པོ་བྱེད་དགོས། ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི། མིག་སྔར་ཚོང་རའི་ནང་མིག་གི་སྦྱོར་སྨན་སྣ་ཚོགས་བཙོང་བཞིན་ཡོད་པས་དེ་ལ་མིག་གི་ངལ་དུབ་སེལ་བའི་ཕན་ནུས་ངེས་ཅན་ལྡན་མོད། སྨན་རྫས་བཟོ་གྲྭ་ལ་ལས་སྦྱོར་སྨན་དེ་ལ་ད་དུང་མིག་ནད་གཞན་པ་གསོ་བཅོས་བྱེད་པའི་ནུས་པ་ཡོད་ཅེས་པའི་དྲིལ་སྒྲོག་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་།

གསུམ་པ། སྐམ་ཁབ་ཀྱི་གསོ་བཅོས་བྱེད་ཐབས།

མིག་དང་རྩ་ལམ་ཕན་ཚུན་དམ་དུ་འབྲེལ་ཡོད་ཅིང་། མིག་མཐར་གསང་མིག་མང་པོ་ཡོད་པས། སྐམ་ཁབ་ཀྱིས་རྩ་ལམ་ཕྱེ་ནས་མིག་གི་ངལ་དུབ་སེལ་ཐུབ་པར་མ་ཟད། ད་དུང་ཁ་སྣ་གཡོན་པ་དང་མིག་ནད་སྐམ་ཚགས་ལ་ཧ་ཅང་ཕན། དེ་ལས་གཞན། ཚབས་ཆེ་བའི་མིག་ཚེགས་ཀྱི་ནད་དང་རྒྱུ་རྐྱེན་མི་གསལ་བའི་མིག་ཚེགས་ཀྱི་ནད་བཅས་ལ་ཕན་བསྐྱེད་ཆེན་པོ་ཡོད།

དེ་ཡང་ནམ་རྒྱུན་འཕང་འབྲས་དང་ཙོལ་རིལ་གཉིས་སྦངས་ནས་འཐུང་ནའང་མིག་གི་ངལ་དུབ་སེལ་བར་ཕན་ནུས་ལྡན་པར་མ་ཟད། སྐབས་རེར་མིག་ལ་ངལ་དུབ་བྱུང་ཚེ་ད་དུང་ལུག་མིག་མེ་ཏོག་དང་འཕང་འབྲས་སྦངས་པའི་ཇའི་རླངས་པ་དེ་མིག་ལ་བདུག་ནའང་མིག་ཚེགས་ངལ་དུབ་སེལ་ཐུབ།

དེ་མིན་ལུག་མིག་མེ་ཏོག་དང་འཕང་འབྲས། འོ་སེ། ལྕ་བ། འཇིབ་རྩི་སྨུག་པོ། ཀླུ་བདུད་རྡོ་རྗེ་སོགས་མཉམ་དུ་གདུས་པའི་ཁུ་བའི་ནང་དུག་སེལ་བྱས་སིང་རས་སྦངས་ནས་མིག་ལ་གླན་ན་མིག་སྐམ་པ་དང་མིག་ཚེགས་པའི་ནད་ལ་ཤིན་ཏུ་ཕན། ཁྲག་རྒྱུན་གསོ་བའི་རྩྭ་སྨན་གྱི་རིགས་ཁོང་དུ་བསྟན་ནའང་མིག་གི་ནུས་པ་ཇེ་བཟང་དུ་གཏོང་ཐུབ། ཡིན་ནའང་རྒྱུ་རྐྱེན་སྣ་ཚོགས་ལས་བྱུང་བའི་མིག་ཚེགས་ནད་ཀྱི་ཚབས་ཆེ་ཆུང་མི་འདྲ་ལ། སྨན་བཅོས་བྱེད་སྐབས་ཀྱང་མིག་ནད་ཀྱི་ཚབས་ཆེ་ཆུང་ལྟར་དུ་རྩྭ་སྨན་བཀོལ་ན་ལེགས།

མིག་ཚེགས་ནད་ཀྱི་ནད་རྟགས་གཙོ་བོ་ནི། གནས་གཅིག་ཏུ་ཡུན་རིང་ཅེར་ནས་འདུག་མི་བཟོད་པ་དང་། མིག་རབ་རིབ་ཏུ་འགྱུར་བ། མིག་ལ་ན་ཟུག་ལངས་པ་དང་སྐྲངས་པ། མིག་སྐམ་པ། འོད་ལ་བལྟར་མི་བཟོད་ཅིང་མིག་ཆུ་བཞུར་བ། མིག་ནང་དུ་ཐོག་རེག་གི་ཚོར་སྣང་ཡོད་པ་སོགས་ཡིན་ལ། དེ་ལས་གཞན་མགོ་ན་བ་དང་མགོ་ཡུ་འཁོར་བ། གཉིད་མི་ཁུག་པ། དྲན་ཤེས་ཉམས་པ། སྐྱུག་མེར་ལངས་པ་སོགས་ཀྱང་འབྱུང་བར་མ་ཟད། སེམས་འཚབ་པ་དང་ཁོང་ཁྲོ་ལངས་སླ་བ། ཡིད་མུག་པ་སོགས་ཀྱི་སེམས་ཁམས་ཀྱི་ནད་རྟགས་ཀྱང་ཡོད་པ་ཡིན། དེ་བས་ནམ་རྒྱུན་གོང་གི་ནད་རྟགས་འདི་དག་གཉིས་སམ་གཉིས་ཡན་ཡོད་ཚེ་རང་ལ་མིག་ཚེགས་ནད་བྱུང་ཡོད་པ་ཤེས་དགོས།

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ།