དཔྱིད་དུས་སུ་ལུས་ཕུང་སྦྱོང་བརྡར་བྱེད་སྐབས་ལྭ་བ་དྲོན་པོ་གོན་དགོས་སམ།
2020.06.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

དཔྱིད་ཀ་ནི་ས་ཆུ་དྲོས་པའི་དུས་ལ་ཁེལ་ཡོད་པས། སྔ་མོ་ནས་གྱོན་ཆས་ཇེ་སྲབ་ཏུ་གཏོང་བར་གོམས་མི་རུང་། དགུན་དུས་ཀྱི་ཟླ་འགའི་རིང་ལ་སྲིང་བལ་ཅན་གྱི་ལྭ་བའམ་ལྭ་བ་ཅུང་མཐུག་པོའི་རིགས་གྱོན་བཞིན་ཡོད་པས། ལུས་པོས་ཚ་དྲོད་སྐྱེད་པ་དང་ཚ་དྲོད་ཕྱིར་ཕུད་པ་དང་སྙོམས་སྒྲིག་བྱེད་པ་བཅས་ནི་དགུན་དུས་ཀྱི་ཁོར་ཡུག་གི་དྲོད་ཚད་དང་ཕན་ཚུན་དོ་སྙོམས་ངང་གནས་ཡོད། དཔྱིད་ཀར་ཐོན་པའི་སྐབས་སུ་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བས་སྔ་མོ་ནས་གྱོན་ཆས་ཇེ་སྲབ་ཏུ་གཏོང་མི་རུང་། གལ་ཏེ་གྱོན་ཆས་སྲབ་མོ་གྱོན་པའི་ཉིན་ཞིག་ལ་ནམ་ཟླ་ཇེ་འཁྱགས་སུ་སོང་ཚེ། ལུས་པོའི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་དབུགས་ལམ་མ་ལག་ལ་རིམས་ནད་དང་འགོས་ནད་འབྱུང་སླ་བས། དཔྱིད་དུས་ལྭ་བ་མཐུག་པོ་གྱོན་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད།

རྒྱུན་པར་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུར་དགའ་བའི་མི་ཞིག་ལ་མཚོན་ན། ལུས་ཕུང་སྦྱོང་བརྡར་གྱི་ལྭ་བ་གདམ་གསེས་བྱེད་པར་ཚད་གཞི་ངེས་ཅན་ཞིག་ཡོད་དགོས། ཕྱི་ལྭ་དང་ནང་ལྭ་གང་ཡིན་རུང་གདམ་གསེས་བྱེད་ཐབས་ལེགས་པོ་ནི་རྔུལ་ཆུ་ཕྱིར་འདོན་ཐུབ་པའི་རྒྱུ་ཆའི་རིགས་ཡིན། འགུལ་སྐྱོད་བྱེད་པའི་གོ་རིམ་ཁྲོད། གལ་ཏེ་ཁྱོད་ཀྱི་ལྭ་བ་ནི་རྔུལ་ཆུ་ཕྱིར་འདོན་ཐུབ་པ་དང་། སྐམ་ཚད་མགྱོགས་པ་སོགས་ཀྱི་ནུས་པ་མེད་པའི་ལྭ་བའི་རིགས་ཡིན་ན། རྔུལ་ཆུས་བརླན་པའི་ལྭ་བ་ལུས་སྟེང་དུ་འབྱར་ནས་ལུས་ཡོངས་མི་བདེ་བའི་ཚོར་བ་འབྱུང་སྲིད།

དེའི་ཕྱིར། དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་། ལུས་སྦྱོང་བྱེད་པའི་སྐབས་ཀྱི་གྱོན་ཆས་རིགས་ནི་ཡང་ཞིང་སྲབ་ལ་མཉེན་ལྕུག་ལྡན་པ། རླུང་རྒྱུ་བ་ལེགས་པ། སྐམ་སླ་བའི་རྒྱུ་ཆ་བདམས་ན་ལེགས། ནང་ལྭའི་སྐོར་ལ་སྲིང་བལ་རྐྱང་པའི་རིགས་ཀྱི་ལྭ་བ་གྱོན་པར་མཉམ་འཇོག་གང་ལེགས་བྱེད་དགོས། སྲིང་བལ་རིགས་ཀྱི་ལྭ་བས་རྔུལ་ཆུ་སྡུད་ལེན་བྱེད་ཐུབ་མོད་ཕྱིར་གཏོང་བྱེད་མི་ཐུབ་པས། ལུས་སྟེང་དུ་འབྱར་ནས་ལུས་པོ་ཇེ་འཁྱགས་སུ་འགྲོ་བ་རེད། དྲོད་ཚད་ཀྱི་ཧེ་བག་ཅུང་ཆེ་བའི་སྟོན་ཁ་དང་དགུན་ཁའི་དུས་སུ། སྲིང་བལ་རིགས་ཀྱི་ནང་ལྭ་གྱོན་ནས་ལུས་སྦྱོང་བྱས་ན་ལུས་པོ་ཇེ་འཁྱགས་སུ་འགྲོ་བ་དང་། གྲང་ངར་ཐེབས་ནས་ཆམ་ནད་འབྱུང་བ། མགོ་བོ་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད། ལུས་ཕུང་སྦྱོང་བརྡར་བྱེད་སྐབས་དུས་ཚིགས་དང་གནམ་གཤིས་ལ་བལྟས་ནས་ལྭ་བ་གྱོན་རྒྱུ་ནི་གལ་ཆེན་ནང་གི་འགང་ཆེན་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།