གློ་ལུའི་ནད་བྱུང་ནས་ཡུན་རིང་འགོར་ཚེ་དབུགས་འཚང་ནད་དུ་འགྱུར་ཉེན་ཆེ།
2020.06.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 34

དེང་སྐབས་སྨན་ཁང་སོ་སོའི་དབུགས་ལམ་ཚན་ཁག་ཏུ་གློ་ལུའི་ནད་བྱུང་ནས་ཡུན་རིང་འགོར་བའི་ནད་པ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་ལ། དེའི་ནང་གི་ནད་པ་མང་ཆེ་བར་གློ་ལུའི་ནད་བྱུང་ནས་ཟླ་འགའ་འགོར་བ་དང་། ཆམ་ནད་ཀྱི་སྨན་དང་། སྲིན་འགོག་སྨན། ལུ་འགོག་སྨན་སོགས་མང་པོ་འཐུང་རུང་ཕན་འབྲས་ཅི་ཡང་མི་འབྱུང་ཞིང་། བརྟག་དཔྱད་སྣ་ཚོགས་བྱས་ཀྱང་གནད་དོན་གང་ཡང་མེད་མོད། གློ་ལུ་བ་མཚམས་མི་འཇོག་ཅིང་ལྷག་པར་དུ་མཚན་མོ་དང་ཐོ་རེངས་ཀྱི་དུས་སུ་དེ་བས་ཚབས་ཆེན་དུ་འགྱུར་སྲིད། ཆེད་མཁས་སྨན་པས་དེ་ནི་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་དུ་བསམ་བློ་གཏོང་སྲིད།

གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་ནི་དབུགས་འཚང་ནད་ལས་ཁྱད་པར་ཅན་གྱི་རིགས་ཤིག་ཡིན་ཞིང་། གློ་ལུ་བ་ནི་དེའི་ནད་ཐོག་གི་མངོན་རྟགས་གཙོ་བོ་ཞིག་རེད།  ནད་པར་དབུགས་ཅུང་འཚངས་བ་དང་དབུགས་ཧལ་བའི་སྣང་ཚུལ་འབྱུང་། ཕལ་ཆེ་བར་བསྟུད་མུར་གློ་ལུ་ནས་ཡུན་རིང་འགོར་བ་དང་གློ་ལུ་བ་ཡང་དང་བསྐྱར་དུ་འཕར་ནས་མི་དྲག་པར། མཇུག་མཐར་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་དུ་འགྱུར་སྲིད།

གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་ཀྱིས་ནད་པའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ནས། ནད་པའི་དབུགས་ལེན་དཀའ་བར་གཏོང་སྲིད། རྒྱུན་པར་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་པའི་གློ་ལུ་བ་དེ་ཕོག་ཐུག་རང་བཞིན་གྱི་སྐམ་ལུ་བྱེད་པ་དང་། མཚན་མོར་ལུ་བ་དེའི་མངོན་རྟགས་གཙོ་བོ་ཞིག་ཡིན། ཆམ་ནད་བྱུང་བ་དང་ནམ་ཟླ་འཁྱགས་པ། ས་རྡུལ་དང་སྣུམ་གྱི་དུ་བ། མེ་ཏོག་གི་རྡུལ་སོགས་ཚོར་ལྷག་ལོག་པའི་འབྱུང་ཁུངས་དང་འཕྲད་པའམ་ཐུག་རེག་བྱས་ཚེ། ལུ་རྒྱ་སློང་བའམ་ནད་བབ་ཇེ་ལྗིད་དུ་གཏོང་སྲིད། དགོང་མོར་མར་ཉལ་བའི་སྐབས་དང་ཐོ་རེངས་ཀྱི་སྐབས་སུ་ནད་རྟགས་ལྷག་ཏུ་མངོན་གསལ་ཡིན་པ་དང་། ཡང་དང་བསྐྱར་དུ་ལུ་རྒྱ་དྲག་པོ་ལངས་པ་དང་། ནད་པ་ལ་ལར་ད་དུང་མིད་པར་ཟ་འཕྲུག་ལངས་པའི་རྟགས་ཀྱང་འབྱུང་། གལ་ཏེ་ནད་པ་རང་ཉིད་མ་གཞི་ནས་ཚོར་ཐལ་རང་བཞིན་གྱི་ལུས་ཕུང་ཡིན་པའམ་ཡང་ན་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། མིག་འབྲས་སྐྱི་མོར་ཟ་འཕྲུག་ལངས་བ་སོགས་ཀྱི་ནད་རྟགས་ཡོད་ན་ལྷག་ཏུ་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་དུ་ངོས་བཟུང་ཆོག

ཆམ་ནད་བྱུང་བ་དང་སྨན་འཐུང་ཚེ་བརྟག་དཔྱད་ཀྱི་འཇུག་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད།

ནད་འདི་ངོས་འཛིན་པར་ནད་ཐོག་གི་དཔེར་མཚོན་རང་བཞིན་གྱི་མངོན་རྟགས་ལས་གཞན་ད་དུང་གློ་སྙིང་གི་བྱེད་ནུས་སམ་གློ་ཡུའི་ཡན་ལག་ལ་ངར་སློང་ཚོད་ལྟ་བྱས་པ་ལས་ཐག་གཅོད་དགོས་པ་རེད། གློ་ཡུའི་ཡན་ལག་གི་ངར་སློང་ཚོད་ལྟ་ནི་ངར་སློང་རྫས་མི་འདྲ་བར་བརྟེན་ནས་གློ་ཡུའི་ཡན་ལག་ལ་རྒྱུན་ལྡན་མིན་པའི་སྐུམ་འཐེན་གྱི་རྣམ་པ་འབྱུང་དུ་བཅུག་པ་རེད།

ཆམ་ནད་བྱུང་ཡོད་པའི་སྐབས་སུ། མི་རྣམས་ཀྱི་དབུགས་ལམ་གྱི་ཚོར་སྣང་ཇེ་དྲག་ཏུ་གྱུར་ཡོད་པས། དབུགས་ལམ་གྱི་ངར་སློང་ཚོད་ལྟ་བྱས་ན་གདགས་གཤིས་འབྱུང་སྲིད་ལ། ཆམ་ནད་དྲག་རྗེས་ཡང་བསྐྱར་དབུགས་ལམ་གྱི་ངར་སློང་ཚོད་ལྟ་བྱས་ན་སྲིབ་གཤིས་འབྱུང་སྲིད་པས། ཆམ་ནད་བྱུང་ཡོད་པའི་སྐབས་སུ་དབུགས་ལམ་གྱི་ངར་སློང་ཚོད་ལྟ་མི་བྱེད་པར་ཆམ་ནད་དྲག་རྗེས་ད་གཟོད་ཚོད་ལྟ་བྱེད་དགོས།

དེ་ལས་གཞན་ལུ་འགོག་སྨན་རྫས་སོགས་བསྟེན་པའི་སྐབས་སུའང་དབུགས་ལམ་གྱི་ངར་སློང་ཚོད་ལྟ་བྱས་ན་གདགས་གཤིས་སྣང་ཚུལ་བྱུང་ནས་གསོ་བཅོས་ལ་ནོར་འཛོལ་འབྱུང་དུ་འཇུག་སྲིད་པས། སྨན་སྣ་ཚོགས་བསྟེན་མཚམས་བཞག་ནས་དུས་ཚོད་ཞེ་བརྒྱད་ནས་དོན་གཉིས་འགོར་རྗེས་ད་གཟོད་ཚོད་ལྟ་བྱས་ཆོག

གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་གསོ་བཅོས་བྱེད་ཐབས།

གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་དང་དཔེར་མཚོན་ཅན་གྱི་དབུགས་འཚང་ནད་གཉིས་ལ་གཅིག་མཚུངས་ཀྱི་ནད་ལྡང་གྲུབ་ལུགས་དང་། གཅིག་མཚུངས་ཀྱི་དབུགས་ལམ་འགྱུར་འབྱུང་མཐོ་བའི་རང་བཞིན་ལྡན་པས། བརྒྱ་ཆའི་སུམ་ཅུའི་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་དེ་དཔེར་མཚོན་ཅན་གྱི་དབུགས་འཚང་ནད་དུ་འཕེལ་སྲིད།  གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་གསོ་བཅོས་བྱེད་པར་ངེས་པར་དུ་ཚད་ལྡན་སྒོས་གསོ་བཅོས་བྱེད་པ་ལས་ལུ་འགོག་སྨན་རྫས་ཁོ་ན་བསྟེན་མི་རུང་། དཔེར་མཚོན་ཅན་གྱི་དབུགས་འཚང་ནད་ལྟར་གསོ་བཅོས་བྱེད་པའི་བྱེད་ཐབས་སྤྱོད་པ་དང་གསོ་བཅོས་བྱེད་ཡུན་ལོངས་དགོས། སྤྱིར་བཏང་དུ་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་པས་ཟླ་ངོ་གསུམ་ནས་དྲུག་ཙམ་ལ་གསོ་བཅོས་བྱེད་དགོས་ཤིང་། ཆེས་ཉུང་ནའང་གཟའ་འཁོར་བརྒྱད་ཙམ་ལ་གསོ་བཅོས་བྱེད་དགོས། གལ་ཏེ་སྨན་བསྟེན་མཚམས་བཞག་རྗེས་ནད་བབ་སྔར་བཞིན་གཏན་འཇགས་ཡིན་ན་མུ་མཐུད་དུ་ལྟ་ཞིབ་བྱས་ཆོག་ལ། ནད་གཞི་ཡང་བསྐྱར་འཕར་ཚེ་མུ་མཐུད་དུ་གསོ་བཅོས་བྱེད་དགོས།

འོན་ཀྱང་དལ་བའི་རང་བཞིན་གྱི་གློ་ལུ་ཡོད་ཚད་གློ་ལུའི་གཞན་འགྱུར་རང་བཞིན་གྱི་དབུགས་འཚང་ནད་དུ་འགྱུར་བའི་ངེས་པ་མེད། མི་ལ་ལར་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། སྣ་སྦྲིད་རྒྱག་པ། གྲེ་རྒྱབ་དུ་བེ་སྣབས་མང་བའི་སྣང་ཚུལ་ཡོད་པ་དེ་ནི་ཐོག་མར་དབུགས་ལམ་སྟོད་མའི་གློ་ལུའི་ཕྱོགས་བསྡུས་ནད་དུ་ངོས་བཟུང་ཆོག་ཅིང་།  གསོ་བཅོས་ཕྱོགས་སུ་གཙོ་བོར་དབུགས་ལམ་སྟོད་མའི་ནད་འགྱུར་ལ་གསོ་བཅོས་བྱས་ཚེ། གློ་ལུ་བ་ཚོད་འཛིན་བྱེད་ཐུབ་པ་ཡིན། མི་ལ་ལར་ད་དུང་དེ་དང་བསྡོངས་ནས་སྐྱུར་ལང་བ་དང་། ཨིག་ག་རྒྱག་པ། བྲང་ཚ་ལངས་པ་སོགས་ཀྱི་མངོན་རྟགས་ཡོད་པའམ་ཡང་ན་ཟ་མ་ཟོས་རྗེས་གློ་ལུ་བ་ཇེ་སྡུག་ཏུ་འགྲོ་བ་དེ་ནི། ཕོ་བ་དང་མིད་པའི་ལྡོག་རྒྱུག་ལས་བསྐྱེད་པའི་གློ་ལུའི་ནད་དུ་ངོས་བཟུང་ཆོག  ཐོག་མར་འཇུ་ལམ་གྱི་ནད་རིགས་ལ་གསོ་བཅོས་བྱེད་དགོས། ནད་པ་མང་ཆེ་བར་དེ་ལྟར་འཇུ་ལམ་གྱི་ནད་རྟགས་ཚོད་འཛིན་བྱེད་ཐུབ་ཚེ་གློ་ལུའི་མངོན་རྟགས་ཀྱང་དེ་མ་ཐག་ཇེ་བཟང་དུ་ཡོང་ངེས།

རྒྱུན་སྲོལ་གྱི་བྲང་ཁོག་བརྟག་དཔྱད་དང་རྫས་འགྱུར་བརྟག་དཔྱད་ལས་རྒྱུན་ལྡན་མིན་པའི་དལ་བའི་རང་བཞིན་གྱི་གློ་ལུའི་ནད་མེད་པ་དང་། ལྷག་པར་དུ་སྟོན་དཔྱིད་ཀྱི་དུས་སུ་ཡུན་རིང་གློ་ལུ་བ་དྲག་བསྐྱེད་འབྱུང་མི་ཐུབ་པ་རྣམས་གློ་ལུའི་རང་བཞིན་གྱི་དབུགས་འཚང་ནད་ཡིན་པར་བསམ་བློ་བཏང་ནས། སྨན་པའི་ངག་བཀོད་ལྟར་ཡང་བསྐྱར་བརྟག་དཔྱད་ཞིབ་མོ་བྱེད་དགོས། གློ་ལུའི་རང་བཞིན་གྱི་དབུགས་འཚང་ནད་པ་མང་ཆེ་བར་ཚད་ལྡན་སྒོས་གསོ་བཅོས་བྱས་ན་དྲག་བསྐྱེད་འབྱུང་ཐུབ།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།