སེམས་ཁམས་དང་བདེ་ཐང་སྐོར་གྱི་ལེའུ་ལས་བྱིས་པ་ཨ་མ་དང་ཁ་འབྲལ་མི་འདོད་པའི་རྒྱུ་རྐྱེུན།
2020.06.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞེན་ཆགས(依恋)ཞེས་པ་ནི་བྱིས་པ་རློན་ནུས་འཇིག་རྟེན་འདིར་ཆེས་ཐོག་མར་འབྲེལ་འདྲིས་བྱེད་དགོས་པའི་མི་སྟེ། སྤྱིར་བཏང་དུ་རང་གི་ཨ་མར་སྤྱི་ཚོགས་རང་བཞིན་གྱི་འབྲེལ་བ་ཆགས་པ་དེ་ལ་བྱ་ཞིང་། དེ་ནི་བརྩེ་བ་སྤྱི་ཚོགས་ཅན་དུ་འགྱུར་བའི་མཚོན་རྟགས་ཤིག་ཀྱང་ཡིན། བྱིས་པ་བཙས་ནས་ཟླ་ལྔ་ནས་དྲུག་ཙམ་འགོར་བའི་སྐབས་སུ་བྱིས་པ་ཨ་མ་དང་ལྷན་དུ་འདུག་པར་ཧ་ཅང་དགའ་བ་དང་། ཨ་མ་དང་ལྷན་དུ་བསྡད་ན་བག་ཕེབས་ཤིང་སེམས་ཁམས་སྐྱིད་པའི་ཚོར་བ་འབྱུང་གིན་ཡོད་པས། ཨ་མ་དང་ཁ་བྲལ་ཚེ་བྱིས་པའི་སེམས་ཁམས་ཧ་ཅང་མི་སྐྱིད་པ་རེད། གལ་ཏེ་ས་ཆ་མེད་དུ་སོང་རུང་ཨ་མ་དང་མཉམ་དུ་ཡོད་ཚེ། བྱིས་པར་སྐྲག་སྣང་སོགས་ཅི་ཡང་ཐོན་མི་སྲིད། བྱིས་པར་བཀྲེས་ལྟོགས་བྱུང་བའམ་ཐང་ཆད་པ། སུན་སྣང་དང་མགོ་ན་བ་སོགས་ཅི་ཞིག་བྱུང་རུང་ཐོག་མར་ཡིད་ལ་དྲན་པ་ནི་རང་གི་ཨ་མ་རེད། ཞེན་ཆགས་ཀྱིས་བྱིས་པའི་སེམས་ཁམས་འཚར་ལོངས་འབྱུང་བར་རམ་འདེགས་ཆེན་པོ་བྱེད་ཀྱིན་ཡོད།

ཨ་རིའི་སེམས་ཁམས་རིག་པའི་ཆེད་མཁས་པ་ཨའེ་སི་ཝོ་སིས་ཕྲུ་གུའི་ཞེན་ཆགས་རིགས་གསུམ་དུ་བཀར་ཡོད་དེ།

བདེ་འཇགས་རྣམ་པའི་ཞེན་ཆགས། བྱིས་པ་དེའི་རིགས་ནི་རང་གི་ཨ་མ་དང་ལྷན་དུ་རྩེད་མོར་གཡེང་སྐབས་སེམས་ཁམས་ཧ་ཅང་སྐྱིད་པོ་ཆགས་ཀྱིན་ཡོད། ཆ་རྒྱུས་མེད་པའི་ཁོར་ཡུག་ཏུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། ཨ་མ་ཁོ་ནར་དེ་འདྲའི་ཞེན་ཆགས་པ་ཞིག་མིན་པར། རོགས་རམ་མཁོ་བའི་སྐབས་སུ་ཨ་མ་དང་ཉེ་བར་བཅར་ཞིང་། དུས་ཚོད་མང་ཤོས་སུ་མིག་མདངས་ཨ་མར་ཕྱོགས་ནས་ཨ་མར་འཛུམ་མདངས་སྟོན་པ་དང་། ཨ་མ་དང་ཐག་ཉེ་བའི་སྒོ་ནས་ཁ་བརྡ་བྱེད་པ་རེད། མི་ཆ་མེད་དང་འཕྲད་ཚེའང་དེ་འདྲའི་འཚུབ་ཆ་ལངས་ཀྱིན་མེད་མོད། འོན་ཀྱང་ཨ་མ་ཁོའི་གམ་དུ་མེད་པའི་སྐབས་སུ་སེམས་སྡུག་པ་དང་འཚུབ་ཆ་ལངས་པ། ཐ་ན་རྩེད་མོའི་མཚམས་འཇོག་པ་སོགས་བྱས་ནས་ཨ་མ་འཚོལ་འདོད་པ་རེད། ཨ་མ་བཙལ་ནས་རྙེད་པའི་སྐབས་སུ་མྱུར་མོར་ཨ་མའི་གམ་དུ་མི་རྒྱུག་པར་སེམས་པ་བདེ་ལ་བབས་ནས་མུ་མཐུད་དུ་རང་ཉིད་ཀྱི་རྩེད་མོར་གཡེང་བ་རེད།

གཡོལ་བའི་རྣམ་པའི་ཞེན་ཆགས། བྱིས་པ་དེའི་རིགས་ཀྱིས་ཨ་མ་དང་ལྷན་དུ་ཡོད་མེད་ལ་དེ་འདྲའི་མཐོང་ཆེན་མི་བྱེད་པར་མ་ཟད། ཨ་མ་དང་ཁ་འབྲལ་བའི་སྐབས་སུ་སེམས་པ་དེ་འདྲའི་སྐྱོ་སྐྱོ་མི་གནང་ལ། འཚུབ་ཆ་ལངས་པའི་སྣང་ཚུལ་གང་ཡང་ཐོན་གྱིན་མེད། ཨ་མ་ཕྱིར་བྱིས་པ་དང་ཉེ་བར་བཅར་བའི་སྐབས་སུ་ཡང་བྱིས་པའི་སེམས་ཁམས་ལ་དེ་འདྲའི་འགྱུར་ལྡོག་ཆེན་པོ་མེད་པར། རང་ཉིད་རྩེ་འདོད་པའི་རྩེད་མོར་གཡེང་ནས་འདུག་པ་རེད། དེ་ལྟ་བུའི་བྱིས་པའི་རིགས་ཀྱིས་ཨ་མ་གམ་ན་ཡོད་མེད་ལ་དེ་འདྲའི་སྣང་དོགས་མི་བྱེད་པས། ཞེན་ཆགས་མེད་པའི་བྱིས་པར་འབོད་ཀྱིན་ཡོད།

ངོ་རྒོལ་རྣམ་པའི་ཞེན་ཆགས། བྱིས་པ་དེའི་རིགས་ཀྱིས་ཨ་མར་ཞེན་ཆགས་ཆེན་པོ་བྱེད་ཀྱིན་ཡོད། ཨ་མ་རང་ཉིད་དང་ཁ་འབྲལ་བའི་སྐབས་སུ་སེམས་སྡུག་ཆེན་པོ་སྐྱེས་ནས་སྐད་གསང་མཐོན་པོས་ངུ་བ་སོགས་བྱེད་ཅིང་། གལ་ཏེ་ཨ་མ་ཕྱིར་སླེབས་པའི་ཚེ་ན་ཨ་མར་འཐམ་འདོད་ཀྱང་སྐྱེངས་པའི་ཚུལ་གྱིས་མི་འཐམ་པར་སྡོད་པ་དང་། ཨ་མས་པང་དུ་ལེན་པའི་སྐབས་སུ་ཡང་འཕག་འཚག་བྱེད་པ་རེད། ཡང་བློ་སེམས་རྩེ་གཅིག་གིས་རྩེད་མོར་གཡེང་མི་ཐུབ་པར་ཡང་དང་བསྐྱར་དུ་ཨ་མའི་ཕྱོགས་སུ་བལྟ་བ་རེད།

ཁྱིམ་བདག་རྣམས་ཀྱིས་ནུས་ཚོད་ཀྱིས་བྱིས་པ་དང་ལྷན་དུ་སྡོད་པའི་དུས་ཚོད་མང་པོ་སྤྱད་ནས། བྱིས་པར་ཕྱི་རོལ་ཡུལ་གྱི་བྱ་དངོས་དང་གྲོགས་པོར་འབྲེལ་འདྲིས་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་བྱིས་པའི་སྐད་བརྡ་སྤྲོད་པའི་ནུས་པ་མཐོར་འདེགས་ཡོང་བར་མ་ཟད། བྱིས་པ་མི་གཞན་དང་འབྲེལ་འདྲིས་བྱེད་པའི་ནུས་པའང་སྔར་ལས་ཇེ་བཟང་དུ་འགྲོ་བ་རེད། །

རྩོམ་སྒྲིག་པ། འབྲུག་མོ།