མཚོ་ཤར་གྲོང་ཁྱེར་གྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་འབུམ་གཅིག་དང་ཁྲི་བརྒྱད་ལྷག་ཙམ་ལ་བརྟག་དཔྱད་ཞིབ་མོ་བྱས།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་ནས་བཟུང་། མཚོ་ཤར་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་གྲྭའི་ད་ཡོད་སློབ་མ་དང་དེ་བཞིན་སློབ་སྔོན་སློབ་མར“གཅེས་སེམས་བདེ་ཐང་།·སེམས་སྐྱོང་འཚར་ལོངས་ཡོང་བ”ཞེས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ཞིབ་བཤེར་བྱེད་པའི་བྱ་འགུལ་མུ་མཐུད་དུ་སྤེལ་ནས། ཞིབ་བཤེར་གྱི་སྨན་བཅོས་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་སློབ་སྔོན་སློབ་མ་འབུམ་གཅིག་དང་ཁྲི་བརྒྱད་ལྷག་ཙམ་ལ་ཞིབ་བཤེར་བྱས་པའི་ཁྲོད། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་དྲུག་བརྒྱ་དང་གཉིས་ཡོད་པ་ཤེས། གཤག་བཅོས་བྱེད་དགོས་པའི་བྱིས་པའི་འབྲེལ་ཡོད་དཔྱད་ཡིག་མཚོ་སྔོན་ཞིང་ཆེན་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཆེད་ཚན་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་བཅས་ལ་སྤྲད་པ་དང་། དཔྱད་ཞིབ་བྱས་རྗེས་རིན་མེད་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད།

ཞིབ་བཤེར་བྱ་འགུལ་ཁྲོད་སྨན་པས་བྱིས་པ་རེ་རེར་ཞིབ་བཤེར་ནན་མོ་བྱས་ནས། དོགས་གཞི་ཅན་གྱི་བྱིས་པར་སྔར་ལས་ལྷག་པའི་སྒོ་ནས་སྙིང་ཁམས་ལ་ཚོན་ལྡན་སྒྲ་འདས་ བརྟག་དཔྱད་བྱས་ཏེ། བརྟག་དཔྱད་བྱེད་དགོས་པ་ཐམས་ཅད་ལ་ཞིབ་ཏུ་བརྟག་དཔྱད་བྱས་ནས་ཚན་རིག་དང་མཐུན་པའི་ནད་དཔྱད་བྱས་པ་རེད། སྨན་བཅོས་རུ་ཁག་གིས་ནད་གཞི་ཕོག་པའི་བྱིས་པ་ཐོ་འགོད་བྱས་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཀྱི་སྨན་རིན་མི་དགོས་པའི་སྐྱོབ་བཅོས་རེ་ཞུའི་བརྒྱུད་རིམ་གསལ་བཤད་ཡི་གེ་དང《ཕོ་ཉའི་ཉི་འོད་ཐེབས་རྩའི་རོགས་དངུལ་རེ་ཞུའི་རེའུ་མིག》སྤྲད་པ་དང་། མཚོ་ཤར་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བའི་མི་སྣས་སྨན་བཅོས་རུ་ཁག་དང་མཉམ་དུ་སློབ་གྲྭའི་དགེ་རྒན་དང་ཁྱིམ་བདག་ལ་སྤྱི་ཕན་ལས་གཞིའི་རིན་མེད་སྐྱོབ་བཅོས་ཀྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཀྱི་བརྒྱུད་རིམ་འགྲེལ་བཤད་ཞིབ་མོ་བྱས་པར་མ་ཟད། དགེ་རྒན་དང་ཁྱིམ་བདག་ལ་ཐོག་མའི་བརྟག་དཔྱད་བརྒྱུད་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དུ་ངོས་བཟུང་བའི་བྱིས་པ་རྣམས་སྨན་ཁང་དུ་ཁྲིད་ནས་བསྐྱར་ཞིབ་བྱེད་པ་དང་། རིན་མེད་སྨན་བཅོས་བྱེད་དགོས་པའི་མངགས་བཅོལ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བཤེར་བྱ་འགུལ་ནི་མཚོ་ཤར་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གྲོང་ཁྱེར་ཡོངས་ཀྱི་བྱིས་པ་དང་ན་གཞོན་ལོ་ཆུང་གི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་དང་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པའི་ན་བའི་སྡུག་བསྔལ་སེལ་བ། དབུལ་ཕོངས་ཁྱིམ་ཚང་གི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པའི་སྨན་བཅོས་ཁག་ཁུར་ཇེ་ཡང་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རྨང་གཞི་བརྟན་པོ་བཏིང་བ་རེད། བྱ་འགུལ་ལ་མཚོ་ཤར་གྲོང་ཁྱེར་གྱི་སློབ་གསོ་དང་སྨན་བཅོས་འགན་སྲུང་སོགས་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་མང་ཚོགས་རྣམས་བྱ་འགུལ་དེར་ཡོངས་ཁྱབ་ཏུ་ཞུགས་པ་དང། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བཟང་བསྟོད་གང་ལེགས་ཐོབ་ཡོད།

ལོ་ཙཱ་བ། འབྲུག་མོ།