ལུས་སྟེང་གི་རྒན་དྲི་འདོར་ཐབས།
2020.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ན་གཞོན་མང་པོ་ཞིག་རྒན་པ་རྣམས་ལ་འབྲེལ་འདྲིས་བྱེད་འདོད་མེད་པ་རེད། རྒྱུ་མཚན་ནི་ཁོ་ཚོ་རྒན་པ་རྣམས་དང་ཉེ་བར་བཅར་བའམ་ཡང་ན་རྒན་པ་རྣམས་ཀྱི་སྡོད་ཁང་དུ་འགྲོ་བའི་སྐབས་སུ། དྲི་མ་ངན་པ་ཞིག་ཁྱབ་ཡོད་པས་མི་བདེ་བའི་ཚོར་སྣང་ཞིག་སྦྱིན་སྲིད་མོད། ཡིན་ནའང་རྒན་པ་རྣམས་ཀྱིས་གནས་ཚུལ་དེ་ཤེས་ཀྱིན་མེད།

ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་པགས་ནད་ཚན་ཁག་གི་སྨན་པ་ཁྲེན་ཤིན་ཧྲེང་གིས་བཤད་པ་ལྟར་ན།  དེ་ལ“རྒན་དྲི”ཟེར་ཞིང་། མི་མང་ཤོས་ཤིག་ལ་ཡོད།

སྐྱི་པགས་རྒས་པའི་སྐབས་སུ“དྲི་ངན”འབྱུང་བ།

རྒན་དྲི་ནི་ལུས་ཕུང་རྒས་པ་དང་ནང་སྒོས་སུ་སྐྱི་པགས་རྒས་པའི་རྟགས་ཤིག་ཡིན།

སྐྱི་པགས་སྣུམ་གཤིས་ཅན་གྱི་མི་ཚོགས། དེའི་སྐྱི་པགས་ལས་ཟགས་ཐོན་བྱུང་བའི་པགས་ཚིལ་དེ་དབྱང་འགྱུར་ཚབས་ཆེན་བྱུང་སྟེ།“2-རེན་ཞི་ཆོན(2-壬烯醛)”ཞེས་པའི་དངོས་པོ་ཞིག་འབྱུང་བ་དང་། དངོས་པོ་དེར་བཀྲག་རྩི་དང་འདྲ་བའི་སྐྱུར་དྲི་ངན་པ་ཞིག་འབྱུང་བ་རེད།

སྐྱི་པགས་སྐམ་གཤིས་ཅན་གྱི་མི་ཚོགས། སྐམ་ཤས་ཆེ་བའི་དབང་གིས་སྐྱི་པགས་སྟེང་གི་ཤུན་པགས་ཤུ་སླ་བ་དང་། ཤུན་པགས་དང་རྡུལ་མཱན་འབུ། འབུ་སྲིན་སོགས་ཀྱི་སྲིན་འབུ་ཕྲ་མོ་རྣམས་སྐྱི་པགས་ཀྱི་ལྟེབ་གཉེར་འོག་འགྱུར་འབྱུང་བྱུང་ན། རུལ་དྲི་ལྟ་བུའི་དྲི་མ་ངན་པ་ཞིག་འབྱུང་བ་རེད།

ཞིབ་འཇུག་ལས་མངོན་པ་ལྟར་ན། སྤྱིར་བཏང་གིས་ལོ40ནས་བཟུང་སྐྱི་པགས་རྒས་འགྱུར་འབྱུང་བ་ཡིན་མོད། འོན་ཀྱང་ནད་ཐོག་ལག་ལེན་ལ་བལྟས་ན། ལོ60ཡན་གྱི་རྒན་པ་རྣམས་ལ་ད་གཟོད“རྒན་དྲི”འབྱུང་བཞིན་ཡོད།

རྒན་དྲི་མེད་པར་བཟོ་ཐབས།

དོན་དངོས་སུ་རྒན་དྲི་མེད་པར་བཟོ་རྒྱུ་དེ་དཀའ་མོ་ཞིག་མིན་ཏེ། ལུས་སྦྱོང་འོས་འཚམ་རྒྱུན་འཁྱོངས་བྱེད་པ་དང་། རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱེད་པ། སྣུམ་ཉུང་བའི་བཟའ་བཏུང་སྤྱོད་པ་བཅས་ཀྱིས་ཆོག་གོ།

ལུས་པོའི་ཁུག་ཀྱོག་གཙང་མར་བཀྲུ་དགོས། ཁྲུས་བྱེད་པའི་སྐབས་སུ་མཆན་ཁུང་དང་བརླ་ཤུར། གཞང་མཐའ་སོགས་ཀྱི་ལུས་པོའི་ཁུག་ཀྱོག་རྣམས་གཙང་མར་བཀྲུ་དགོས། དེ་དག་ནི་དྲི་ངན་འབྱུང་བའི་གནས་གཙོ་བོ་ཡིན། འགྲོ་འདུག་སྟབས་བདེ་མིན་པའི་རྒན་པ་རྣམས་ལའང་ཁྱིམ་མིས་རྒྱུན་དུ་ལུས་པོ་གཙང་མར་བཀྲུ་རྒྱུ་གལ་ཆེའོ། །

སྔོ་ཚོད་མང་དུ་བཟའ་བ། སྣུམ་ཆེ་བའི་ཤའི་རིགས་ཟོས་ན། པགས་ཚིལ་དབྱང་འགྱུར་འབྱུང་སླ་བས། ལུས་སྟེང་གི་རྒན་དྲི་ཇེ་སྟུག་ཏུ་འགྲོ་བ་རེད།

ཁྲུས་བྱེད་འདག་རྫས(沐浴露)གདམ་གསེས་ལེགས་པོ་བྱེད་དགོས། སྐྱི་པགས་སྣུམ་གཤིས་ཅན་གྱིས་བུལ་གཤིས་ཁྲུས་བྱེད་འདག་རྫས་འདེམ་པ་དང་། སྐྱི་པགས་སྐམ་གཤིས་ཅན་གྱིས་སྐྱུར་གཤིས་ཁྲུས་བྱེད་འདག་རྫས་གདམ་དགོས་པར་མ་ཟད། སྐྱི་པགས་ལ་ཆུ་ཁ་གསབ་བྱེད་པར་མཉམ་བཞག་ནས། དུས་རྒྱུན་དང་ནང་སྒོས་སུ་ཁྲུས་བྱས་རྗེས་རློན་སྲུང་བྱུགས་རྫས(保湿乳)འབྱུག་རྒྱུ་བརྗེད་མི་རུང་། དེས་མི་ཚད་ད་རུང་སྲིང་བལ་གྱི་གྱོན་ཆས་དང་ཁོད་ཡངས་པའི་ལྭ་བ་གྱོན་ཏེ། སྐྱི་པགས་སྐམ་པོ་ཡོང་བར་བྱེད་དགོས།

ཁང་པའི་ནང་དུ་ཉིན་རེར་ཆེས་ཉུང་ནའང་ཐེངས་གཉིས་ལ་རླུང་རྒྱུ་རུ་འཇུག་དགོས། སྡོད་ཁང་ནང་དུ་རླུང་རྒྱུ་རུ་བཅུག་ན། ཁང་པའི་ནང་གི་རྒན་དྲི་འདོར་བར་ཕན།

རྒན་དྲི་ཁ་ཤས་ལ་དོགས་ཟོན་བྱེད་དགོས།

གོང་གི་ཐབས་ལམ་དེ་དག་སྤྱད་ནའང་རྒན་དྲི་ད་རུང་འདོར་མི་ཐུབ་ན། ནད་ཀྱི་དབང་གིས་བྱུང་བ་ཡིན་མིན་ལ་བསམ་བློ་གཏོང་དགོས།

ལུས་སྟེང་དུ་དྲི་ངན་འཐུལ་བ་དང་ཟ་འཕྲུག་ལངས་པར་མ་ཟད་ད་རུང་པགས་འབྲུམ་འབྱུང་བ། དེའི་སྐབས་སུ་བརླན་འབྲུམ་དང་པགས་ཚད། རལ་ཟགས་སོགས་ཀྱི་པགས་ནད་བྱུང་ཡོད་མེད་ལ་བརྟག་དགོས།

དབུགས་ལེན་སྐབས་ཀུ་ཤུ་རུལ་བ་ལྟ་བུའི་དྲི་མ་བྲོ་བ། གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་མེད་ལ་བརྟག་དགོས།

གཅིན་དྲི་བྲོ་བ། གཅིན་དུག་ཕོག་པ་སོགས་ཀྱི་མཁལ་མའི་ནད་ཡོད་མེད་ལ་བརྟག་དགོས།

ཁ་ནང་དུ་དྲི་ངན་འཐུལ་བར་མ་ཟད་གློ་ལུ་བ་དང་ལུད་པ་མང་བ། གློ་བའི་དབུགས་སྐྲང་སོགས་དབུགས་ལམ་གྱི་ནད་ཡོད་མེད་ལ་བརྟག་དགོས།

དེ་ལས་གཞན་ད་རུང་བཤང་འགགས་དང་སོ་རུལ། སོ་མཐའི་གཉན་ཚད་སོགས་ཁ་སྦུག་ནད་ཀྱིས་ཀྱང་ཁ་དྲི་ངན་པ་འབྱུང་སླའོ། །

རྩོམ་སྒྲིག་པ། འབྲུག་མོ།