བོད་ལྗོངས་ཀྱི་ལས་ཁུངས་སོ་བཞི་ཡིས་དབང་བོ་སྐྱོན་ཅན་དགུ་བཅུ་བསྡུ་རྩིས་ཡོད།
2020.07.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

ཉེ་ལམ་གསར་གོད་པས་ཉིས་སྟོང་ཉི་ཤུ་ལོའི་བོད་ལྗོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཁ་རྒྱུགས་ཀྱི་གསོ་སྦྱོང་འཛིན་གྲྭའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་ཀྱི་ཐད་གཏོགས་ཏང་སྲིད་ལས་ཁུངས་དང་། ལས་དོན་ལས་ཁུངས། རྒྱལ་དབང་ཁེ་ལས་སོ་བཞི་ཡིས་དབང་བོ་སྐྱོན་ཅན་དགུ་བཅུ་བསྡུ་རྩིས་ཡོད་པ་དང་། ལས་སྣ་ཉེར་གསུམ་དང་ལས་གནས་དགུ་བཅུ་འདོན་སྤྲོད་བྱས་ཡོད། དེའི་ཁྲོད་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་དབང་བོ་སྐྱོན་ཅན་སློབ་མར་ལས་གནས་སོ་གཉིས་འདོན་སྤྲོད་བྱས་ཡོད།

བོད་ལྗོངས་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲིན་ཁྲེང་ཧྲུན་གྱིས་བཤད་རྒྱུར། བོད་ལྗོངས་ཀྱི་དབང་བོ་སྐྱོན་ཅན་ལ་ལས་ཞུགས་སྟེགས་བུ་སྐྲུན་པར་རོགས་རམ་བྱས་ཏེ། ལས་ཞུགས་ཀྱིས་དམངས་འཚོར་འགན་སྲུང་བྱེད་པ་དང་། ལས་ཞུགས་ལ་བརྟེན་ནས་འབྱོར་འབྲིང་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་ཆེད། ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན། བོད་ལྗོངས་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཁ་རྒྱུགས་གསོ་སྦྱོང་སྤེལ་བ་དང་། དབང་བོ་སྐྱོན་ཅན་གྱི་ལས་གནས་འཚོལ་མཁན་བརྒྱ་དང་བདུན་ཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད་ཟེར།

ལོ་ཉེར་གཅིག་ལ་སླེབས་པའི་གསོ་སྦྱོང་ཁྲོད་ཞུགས་མཁན་བསོད་ནམས་ནོར་བུ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་པ་ཡིན། ཁོས་གསར་འགོད་པར་སྔོན་ཆད་ལུས་པོའི་རྒྱུ་རྐྱེན་གྱིས་རང་ཉིད་ལ་ཡིད་ཆེས་མེད་ཅེས་བཤད། སྔོན་ཆད་ཀྱང་ཁ་རྒྱུགས་ལ་ཞུགས་མི་འདོད་པའི་བསམ་ཚུལ་ཡོད་པས་ལས་ཀ་འོས་འཚམ་ཞིག་མ་རྙེད། “ཐེངས་འདིའི་གསོ་སྦྱོང་ལས་ངས་ཁ་རྒྱུགས་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱས་པ་དང་། རིམ་བཞིན་ཡིད་ཆེས་ཡོད་པའི་སྒོ་ནས་རྗེས་ཕྱོགས་ཀྱི་ལས་ཀ་འཚོལ་བའི་ཁ་རྒྱུགས་ཁྲོད། འོས་འཚམ་གྱི་ལས་གནས་རྙེད་པ་དང་བདེ་བླག་ངང་ལས་ཞུགས་བྱེད་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། འབྲུག་མོ།