བློ་འཚབ་ཆེ་བ་ལས་སྐེ་ཚིགས་ཀྱི་ནད་སློང་བར་གཟབ་དགོས།
2020.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

སྐེ་ཚིགས་ཀྱི་ནད་ནི་སྐེ་ཚིགས་ལ་དལ་བའི་རང་བཞིན་གྱི་གནོད་སྐྱོན་ཐེབས་པ་དང་། མིད་པ་དང་སྐེ་ཚིགས་རེད་པ། སྐེ་ཚིགས་ཀྱི་གནས་སུ་རྨས་སྐྱོན་ཐེབས་པ་སོགས་ལས་བསྐྱེད་པ་ཀུན་གྱིས་ཤེས་མོད། ཡིན་ནའང་བློ་ཁ་དང་སེམས་ཁམས་ཀྱི་རྒྱུ་རྐྱེན་ལས་ཀྱང་སྐེ་ཚིགས་ཀྱི་ནད་སློང་སྲིད་པ་ཚང་མས་ཤེས་ཀྱིན་མེད།  དེ་ལ་ཚོར་འགྲིམ་དབང་རྩའི་རང་བཞིན་གྱི་སྐེ་ཚིགས་ཀྱི་ནད་ཟེར། དཔེར་ན་པྲོག་གསར་གློ་ཚད་ཀྱི་རིམས་ནད་མཆེད་པའི་སྐབས་སུ། རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་འོག  མི་རྣམས་ཀྱི་སེམས་ཁམས་ལ་ཚད་མི་འདྲ་བའི་བློ་འཚབ་འབྱུང་སྲིད་ཅིང་། མི་ལ་ལར་ད་དུང་ཚོར་འགྲིམ་དབང་རྩའི་རང་བཞིན་གྱི་སྐེ་ཚིགས་ཀྱི་ནད་བྱུང་ནས་ནད་རྟགས་འདྲ་མིན་མངོན་སྲིད། དེར་བརྟེན། ང་ཚོས་ནད་རིགས་འདི་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་དགོས་པར་མ་ཟད། ནད་རིགས་འདིའི་གསོ་བཅོས་བྱེད་ཐབས་དང་སྲོལ་རྒྱུན་གྱི་སྐེ་ཚིགས་ནད་ཀྱི་གསོ་བཅོས་བྱེད་ཐབས་གཉིས་ཅུང་མི་འདྲ་བ་དེའང་ཤེས་དགོས།

ཅི་ཞིག་ལ་ཚོར་འགྲིམ་དབང་རྩའི་རང་བཞིན་གྱི་སྐེ་ཚིགས་ཀྱི་ནད་ཟེར།

ཚོར་འགྲིམ་དབང་རྩའི་རང་བཞིན་གྱི་སྐེ་ཚིགས་ཀྱི་ནད་ནི་མཁར་མཚམས་ལ་འགྱུར་བ་བྱུང་བ་དང་དུས་རིམ་རང་བཞིན་གྱིས་འགྱུར་ལྡོག་འབྱུང་བ་སོགས་རྒྱུ་རྐྱེན་ལ་བརྟེན་ནས། སྐེ་ཚིགས་མཐའ་འཁོར་གྱི་ཚོར་འགྲིམ་དབང་རྩར་ཕོག་ཐུག་ངེས་ཅན་ཐེབས་ནས་ཚོར་འགྲིམ་དབང་རྩའི་ནུས་པ་འཁྲུགས་སུ་བཅུག་པ་ལས་བྱུང་བའི་སྐེ་ཚིགས་ཀྱི་ནད་རིགས་ཤིག་རེད། ཚོར་འགྲིམ་དབང་རྩའི་རང་བཞིན་གྱི་སྐེ་ཚིགས་ཀྱི་ནད་ཀྱི་མངོན་རྟགས་ལ་ཧ་ཅང་མང་པོ་ཡོད་དེ། མང་ཆེ་བར་ཚོར་འགྲིམ་དབང་རྩར་ངར་ལངས་པའི་རྟགས་ཡོད་ཅིང་། ཉུང་ཤས་ཤིག་ལ་ཚོར་འགྲིམ་དབང་རྩ་གནོན་པའི་ཚོར་བའང་ཡོད། དཔེར་མཚོན་གྱི་ནད་རྟགས་ནི།

མགོ་བོའི་ནད་རྟགས་ནི། མགོ་ན་བའམ་མགོ་བོའི་གཞོགས་ཕྱེད་ན་བ། མགོ་ཡུ་འཁོར་བ།

མགོ་བོ་ལྗིད་ཏིག་གེར་སྣང་བ། སྐེ་ཚིགས་ན་བ་སོགས་འབྱུང་།

ངོ་གདོང་གི་རྟགས་ནི།   མིག་རབ་རིབ་ཏུ་འགྱུར་བ་དང་མིག་སྐམ་པ། མིག་ཀོང་སྐྲངས་པ་སོགས་འབྱུང་། སྙིང་ཁམས་ཀྱི་ནད་རྟགས་ནི།    སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། བྲང་ཁ་ན་བ་དང་ཁྲག་རྩ་ཇེ་མཐོར་འགྲོ་བ་སོགས་འབྱུང་། ཁྲག་རྩའི་མཐའ་འཁོར་གྱི་ནད་རྟགས་ནི།  རྐང་ལག་འཁྱགས་པ་དང་གྲང་ངར་མི་ཐེག་པ། རྐང་ལག་འཁྱགས་པའི་གནས་དེར་རེག་ཚེ་ཟ་འཕྲུག་ལངས་པའམ་སྐྲངས་ནས་དམར་པོར་འགྱུར་བ། དེའི་ཁར་ད་དུང་ན་ཟུག་ལངས་པ་སོགས་ཀྱི་རྟགས་འབྱུང་སྲིད། ད་དུང་སྐེ་ཚིགས་དང་ངོ་གདོང་། རྐང་ལག་བཅས་སྦྲིད་པའི་མངོན་རྟགས་ཀྱང་ཡོད། དེ་ལས་གཞན་མགོ་དང་སྐེ། རྐང་ལག་སོགས་ཀྱི་གནས་སུ་རྔུལ་ཆུ་མང་པོ་བཞུར་བ་དང་། ངོ་གདོང་དང་ཡན་ལག་སྦྲིད་པའི་ཚོར་སྣང་འབྱུང་བར་མ་ཟད། རྐང་ལག་འཁྱག་ཅིང་གྲང་ངར་མི་བཟོད་པའི་རྟགས་ཀྱང་འབྱུང་བ་ཡིན།

སེམས་ཁམས་མ་སྐྱིད་ན་སྐེ་ཚིགས་ཀྱི་ནད་ཇི་ལྟར་ཇེ་ལྗིད་དུ་འགྲོ་བ་ཡིན་ནམ།

སེམས་ཁམས་ནི་བསམ་བློའི་འགྱུར་བག་མཚོན་ཐབས་གལ་ཆེན་ཞིག་དང་ནད་རིགས་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན། སེམས་ཁམས་མི་ལེགས་པ་ལས་སྐེ་ཚིགས་ཀྱི་ནད་སློང་བ་དང་། ནད་ཐོག་གི་ལག་ལེན་ལས་སྐེ་ཚིགས་ཀྱི་ནད་བྱུང་བའི་ནད་པ་མང་པོ་ཞིག་གི་ནད་བབ་དེ་སེམས་ཁམས་དང་འབྲེལ་བ་ཡོད་པ་ཤེས། ང་ཚོའི་སེམས་ཁམས་བྲེལ་འཚུབ་ཆེ་བའི་སྐབས་སུ་སྐེ་ཚིགས་ཀྱི་ཤ་གྲིམ་རང་དབང་མེད་པར་འཁུམ་འདུ་བྱེད་ལ། སྐབས་དེར་སྐེ་ཚིགས་ཀྱི་ནུས་ཤུགས་ལ་འགྱུར་ལྡོག་བྱུང་ནས། རུས་པའི་གྲུབ་སྟངས་དང་རུས་ཚིགས་ཀྱི་གནས་ལ་འགྱུར་ལྡོག་འབྱུང་བར་མ་ཟད། དེ་ལ་བརྟེན་ནས་སྐེ་ཚིགས་ཀྱི་ནད་སློང་བའམ་ནད་བབ་ཇེ་ལྗིད་དུ་གཏོང་སྲིད།

སེམས་ཁམས་མི་སྐྱིད་པ་དེས་ཐད་ཀར་དུ་སྐེ་ཚིགས་ཀྱི་ནད་སློང་མི་སྲིད། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། ནད་པའི་ལུས་སྟེང་དུ་སྐེ་ཚིགས་ཀྱི་ནད་འབྱུང་སྲིད་པའི་ཆ་རྐྱེན་སྟེ། དཔེར་ན། སྐེ་ཚིགས་ཀྱི་ནང་དུ་རུས་འཛེར་སྐྱེས་པ་དང་། མཁར་བར་ཁུང་བུ་ཇེ་དོག་ཏུ་གྱུར་བ། སྐེ་ཚིགས་མི་སྙོམས་པ་སོགས་ཀྱི་སྐབས་སུ་ལུས་སྟེང་དུ་རིམས་འགོག་ནུས་ཤུགས་ངེས་ཅན་ཞིག་ཡོད་ཚེ། སྔར་ལྟར་སྐེ་ཚིགས་ནད་ཀྱི་ནད་ཐོག་གི་མངོན་རྟགས་འབྱུང་མི་སྲིད། ཡིན་ནའང་གལ་ཏེ་གློ་བུར་བའི་དོན་རྐྱེན་སྣ་ཚོགས་ལས་སེམས་ཁམས་ལ་གཡོ་འཁྱོམ་ཆེན་པོ་བྱུང་བ་ལས་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་གྱུར་ནས། མི་ལུས་ཀྱི་ཚོར་འགྲིམ་དབང་རྩར་ཕོག་ཐུག་ཐེབས་ནས་སྐེ་ཚིགས་ཀྱི་ནད་བསྐྱེད་པ་རེད།

ཀྲུང་ལུགས་གསོ་རིག་གིས་བལྟས་ན། མི་ལ་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་དྲག་པོ་ལྡན་པས། གལ་ཏེ་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཐེབས་ནས་དོན་སྣོད་ཀྱི་བྱེད་ལས་ལ་ཤུགས་རྐྱེན་ཐེབས་ནས། ལུས་ཡོངས་ཀྱི་ཁྲག་རྒྱུན་འཁོར་སྐྱོད་བྱེད་ཚད་ཇེ་ཞན་དུ་འགྲོ་བ་དང་། ཤ་གྲིམ་དང་ཤ་རྒྱུས་ནུས་པ་ཉམས་པ་རེད། སྐབས་དེར་སྐེ་ཚིགས་ཀྱི་ནད་འབྱུང་སླ་བར་མ་ཟད། དེར་བརྟེན་ནས་ད་དུང་སྐེ་ཚིགས་ཀྱི་ནད་བྱུང་ཡོད་པའི་ནད་པའི་གསོ་བཅོས་ཀྱི་ཐད་ལའང་ཤུགས་རྐྱེན་ངན་པ་བཟོ་སྲིད།

ཚོར་འགྲིམ་དབང་རྩའི་རང་བཞིན་གྱི་སྐེ་ཚིགས་ནད་ཇི་ལྟར་གསོ་བཅོས་བྱེད་དགོས།

སྐེ་ཚིགས་ནད་གསོ་བཅོས་བྱེད་པར་བྱེད་ཐབས་གསུམ་ཡོད་དེ། སྲོལ་རྒྱུན་གྱི་གསོ་བཅོས་བྱེད་ཐབས་དང་། ཕྲན་རྨས་གསོ་བཅོས་བྱེད་ཐབས། གཤགས་བཅོས་ཀྱི་གསོ་བཅོས་བྱེད་ཐབས་བཅས་ཡིན། བརྒྱ་ཆའི་དགུ་བཅུའི་ཡན་གྱི་སྐེ་ཚིགས་ནད་ལ་སྲོལ་རྒྱུན་གྱི་གསོ་བཅོས་བྱེད་ཐབས་སྤྱད་ན་ནད་བབ་ཇེ་ཡང་དང་སངས་དྲག་ཏུ་གཏོང་ཐུབ། ནད་ཐོག་གི་ལག་ལེན་ནས་སྐེ་ཚིགས་ཀྱི་ནད་པ་ཉུང་ཤས་ཤིག་ལ་གཤགས་བཅོས་བྱེད་དགོས། སྲོལ་རྒྱུན་གྱི་གསོ་བཅོས་བྱེད་ཐབས་ལས་ཆེས་ཕན་ནུས་ལྡན་པ་ནི་ཁབ་བཙའ་དང་ཕུར་མཉེད། རྩྭ་སྨན་སོགས་ཡིན་པ་ད་ང། སྨན་པ་ཉམས་མྱོང་ཅན་དག་གིས་ད་དུང་ཤ་རྒྱུས་ལ་གསོ་བཅོས་བྱེད་པའི་ཞོར་དུ་ནད་པར་ཁ་བརྡ་སྣ་ཚོགས་བྱས་ནས་ནད་པའི་སེམས་ཁམས་གསོ་བ་རེད།

མཇུག་མཐར་གསལ་འདེབས་བྱེད་རྒྱུ་ཞིག་ལ། སྐེ་ཚིགས་ཀྱི་ནད་བྱུང་ཡོད་པའི་ནད་པས་སྨན་པའི་ངག་བཀོད་ལ་ཉན་དགོས་པར་མ་ཟད། དུས་ཐོག་ཏུ་གསོ་བཅོས་དང་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།