བྱིས་པ་བཙས་རྗེས་མཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་བྱེད་དགོས།
2020.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 41

མའི་མངལ་དུ་ཟླ་དགུ་ཞག་བཅུ་ཚང་ནས་བྱིས་པ་བཙས་རྗེས། འཇིག་རྟེན་གྱི་ཨ་མ་རྣམས་ལ་བཤད་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁེངས་སྲིད། ཡིན་ནའང་ཟླ་ཁ་གང་ནས་བུད་མེད་རྣམས་ཕྱིར་ལས་ཀ་དང་ལས་ཚོགས་སུ་འགྲོ་དུས། སྐབས་འགར་སྣ་སྦྲིད་རྒྱག་པ་དང་གད་མོ་ཆེན་པོ་དགོད་པ། ཐ་ན་མར་སྒུར་ནས་དངོས་པོ་སོགས་ལེན་སྐབས་གཅིན་པ་ཅུང་ཟད་ཕྱིར་བཞུར་བའི་སྣང་ཚུལ་འབྱུང་། བུད་མེད་ཡོད་ཚད་དེ་ལྟར་མིན་རུང་མང་ཆེ་བར་དེ་ལྟ་བུའི་སྣང་ཚུལ་ཡོད་པ་དེ་ནི། ཚང་ཞབས་ཀྱི་བྱེད་ལས་ལ་གནོད་སྐྱོན་ཐེབས་པ་ལས་བཟོས་པ་རེད། ཚང་ཞབས་ཀྱི་བྱེད་ལས་ལ་གནོད་སྐྱོན་ཐེབས་པའི་ནད་འདིའི་འབྱུང་ཚད་མཐོ་སྟེ། བུད་མེད་གསུམ་གྱི་ཁྲོད་དུ་གཅིག་ལ་ནད་དེ་འབྱུང་སྲིད་པ་དང་། རང་རྒྱལ་དུ་ནད་དེ་བྱུང་ཡོད་པའི་བུད་མེད་དུང་ཕྱུར་གཉིས་ལས་བརྒལ་ཡོད་ཅིང་། དེའི་ཁྲོད་ཀྱི་ལྔ་ཆའི་གཅིག་ལ་བྱིས་པ་བཙས་རྗེས་གཅིན་ཤོར་བའི་རྟགས་ཡོད། བརྒྱ་ཆའི་དོན་བརྒྱད་ཀྱི་བུད་མེད་ལ་མངལ་ཁ་ལྷོད་པའི་སྣང་ཚུལ་འབྱུང་།

མངལ་སྦྲུམ་ནས་བྱིས་པ་བཙས་རྗེས་ཚང་ཞབས་ཀྱི་ཤ་གྲིམ་ལ་གནོད་སྐྱོན་ཐེབས་སྲིད།

བུད་མེད་ཀྱི་ཚང་ཞབས་དེ་གཙོ་བོར་ཤ་གྲིམ་རིམ་པ་གསུམ་དང་རྒྱུས་སྐྱི་ལས་གྲུབ་པ་ཡིན་པས།  དེས་མཚང་སྒམ་གྱི་ཁ་ཟུམ་དུ་འཇུག་པ་དང་ལྒང་བ་དང་བུ་སྣོད། ལོང་ག་སོགས་ཀྱི་ནུས་པར་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། བཤང་གཅི་ཕྱིར་འདོར་བར་ཚོད་འཛིན་དང་གསང་ལམ་འཁུམ་སྡོམ་བྱེད་པར་ནུས་པ་ཐོན་ཐུབ་པ་ཡིན། མངལ་སྦྲུམ་པའི་སྐབས་སུ་བུ་སྣོད་རིམ་བཞིན་ཇེ་ཆེར་འགྱུར་བ་དང་། སྦྲུམ་བུ་དང་མགོ་ཆུ་ཇེ་མང་དུ་སོང་ནས། ཚང་ཞབས་ལ་གནོན་ཤུགས་ཆེན་པོ་ཐེབས་ནས་རིམ་གྱིས་གནོད་བསྐྱལ་ཏེ། ཚང་ཞབས་ཀྱི་ཤ་གྲིམ་དེ་དང་བསྟུན་ནས་ཇེ་ལྷོད་དུ་འགྱུར་སྲིད། བྱིས་པ་བཙའ་བའི་སྐབས་སུ་ཚང་ཞབས་ཀྱི་ཤ་གྲིམ་ལ་ཚད་མི་འདྲ་བའི་གནོད་པ་ཐེབས་པ་རེད།

གསུས་སྐྱི་གཤགས་ནས་བྱིས་པ་བཙས་པར་ཡང་སླར་གསོ་འབྱུང་བའི་སྦྱོང་བརྡར་བྱེད་དགོས།

གསུས་སྐྱི་གཤགས་ནས་བྱིས་པ་བཙས་པའི་བུད་མེད་ཀྱིས་ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་བྱེད་མི་དགོས་སམ་ཞེ་ན། གསུས་སྐྱི་གཤགས་ནས་བྱིས་པ་བཙས་པ་དེས་རང་བཞིན་གྱིས་བྱིས་པ་བཙས་པ་དང་བསྡུར་ན་ཚང་ཞབས་ལ་གནོད་པ་དེ་འདྲ་བསྐྱལ་མེད་མོད། ཡིན་ནའང་གཙོ་བོར་མངལ་སྦྲུམ་པའི་སྐབས་སུ་མངལ་སྦྲུམ་པའི་སྐབས་སུ་བུ་སྣོད་རིམ་བཞིན་ཇེ་ཆེར་གྱུར་བ་དང་། སྦྲུམ་བུས་གནོན་ཤུགས་ཀྱིས་ཚང་ཞབས་ལ་དུས་ཡུན་རིང་བོར་བཙིར་གནོན་བཏང་བའི་ཁར། ད་དུང་མཚན་མའི་སྐུལ་རྩིའི་ཚད་ལ་འགྱུར་ལྡོག་བྱུང་ནས། ཚང་ཞབས་ཀྱི་ཤ་གྲིམ་ལ་ཇེ་ལྷོད་དུ་བཏང་ཡོད་པས། གསུས་སྐྱི་གཤགས་ནས་བྱིས་པ་བཙས་པའི་བུད་མེད་ཀྱིས་ཀྱང་ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་བྱེད་དགོས།

བྱིས་པ་ཐེངས་གཉིས་པར་སྐྱེས་རྗེས་ད་གཟོད་ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་བྱས་ན་མི་འགྲིག

མངལ་སྦྲུམ་ན་ཚང་ཞབས་ཀྱི་ཤ་གྲིམ་ལ་དལ་བའི་རང་བཞིན་གྱིས་གནོད་སྐྱོན་ཐེབས་ལ། ད་དུང་དེའི་སྟེང་དུ་བྱིས་པ་ཡང་བསྐྱར་སྐྱེས་ན་དེ་ལས་ལྷག་པའི་གནོད་སྐྱོན་ཐེབས་སྲིད། ལྷག་པར་དུ་ཐེངས་དང་པོར་བྱིས་པ་བཙས་སྐྱེས་ཚང་ཞབས་ཀྱི་ཤ་གྲིམ་ལ་གནོད་པ་ཐེབས་པ་དེ་དུས་ཐོག་ཏུ་སླར་སོས་འབྱུང་དུ་མ་བཅུག་ན། ཡང་བསྐྱར་མངལ་སྦྲུམ་སྐབས་ནད་རྟགས་ཇེ་ལྗིད་དུ་འགྲོ་སྲིད། གལ་ཏེ་ཐེངས་དང་པོར་བྱིས་པ་བཙས་རྗེས་ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་ལེགས་པོ་བྱས་ཡོད་ན། ཡང་བསྐྱར་བྱིས་པ་བཙས་ན་ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་སླ་བ་ཡིན་པས། ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་དེ་བྱིས་པ་གཉིས་པ་སྐྱེས་རག་བར་དུ་སྒུག་མི་རུང་།

བྱིས་པ་བཙས་ནས་ཉིན་ཞེ་གཉིས་འགོར་རྗེས་ཚང་ཞབས་ཀྱི་བྱེད་ལས་ལ་ཞིབ་བཤེར་བྱེད་དགོས།

བྱིས་པ་བཙས་ནས་ཉིན་ཞེ་གཉིས་འགོར་རྗེས་ཚང་ཞབས་ཀྱི་བྱེད་ལས་ལ་ཞིབ་བཤེར་བྱེད་དགོས། གལ་ཏེ་གནད་དོན་ཡོད་ཚེ། ཐེ་གཏོགས་དང་གསོ་བཅོས་བྱེད་དགོས། ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པར་བྱེད་ཐབས་མང་པོ་ཡོད་དེ། དཔེར་ན་བྱིས་པ་བཙས་རྗེས་མཉེད་ཕུར་བྱེད་པ་དང་།  ཚང་ཞབས་ཀྱི་ཤ་གྲིམ་སླར་སོས་པའི་སྦྱོང་བརྡར་བྱེད་པ།  དངོས་ལུགས་ཀྱི་གསོ་བཅོས་བྱས་ནས་བསྡོངས་ཟླའི་ནད འབྱུང་བར་སྔོན་འགོག་བྱེད་དགོས། སྦྲུམ་མ་མང་པོ་ཞིག་གིས་ཚོར་སྣང་ཡོད་པ་དང་ཆོས་ཉིད་ལྡན་པའི་ངང་མཚང་ཞབས་ཀྱི་ཤ་གྲིམ་བསྐུམ་ལྷོད་བྱས་ན་མཚང་ཞབས་ཀྱི་ཤ་གྲིམ་གྱི་ནུས་པ་ཇེ་ལེགས་སུ་གཏོང་ཐུབ་པ་ཤེས་ཡོད། ཡིན་ནའང་བུད་མེད་མང་པོ་ཞིག་གིས་མཚང་ཞབས་ཀྱི་ཤ་གྲིམ་དེ་ཇི་ལྟར་བསྐུམ་ལྷོད་བྱེད་དགོས་པ་མི་ཤེས་པས། རབ་ཡིན་ན་སྨན་ཁང་དུ་སོང་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་དགོས་པར་མ་ཟད། སྨན་པའི་ངག་བཀོད་ལ་ཉན་ན་བཟང་།

གོང་གི་ཤེས་བྱ་འདི་དག«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ།