ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཨའོ་པུའུ་ལའེ་ཨེན་ལ་པྲོག་གསར་ནད་དུག་འགོས་པ།
2020.07.29 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

ཚེས་ཉེར་བདུན་ཉིན། ཕོ་བྲང་དཀར་པོས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལའོ་པའོ་ཐི•ཨའོ་པུའུ་ལའེ་ཨེན་ལ་པྲོག་གསར་ནད་དུག་འགོས་ཡོད་པ་བདེན་དཔང་བྱས།

ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་བཤད་རྒྱུར། ཨའོ་པུའུ་ལའེ་ཨེན་གྱི་ནད་རྟགས་ཅུང་ཡང་མོ་ཡིན་ཞིང་རང་ཉིད་ལོགས་སུ་བཀར་ནས་རྒྱང་བསྟེན་གཞུང་ལས་སྒྲུབ་བཞིན་ཡོད་པས་ཙུང་ཐུང་ཐེ་རོན་ཕུ་དང་ཙུང་ཐུང་གཞོན་པ་ཕེང་སི་གཉིས་ལ་པྲོག་གསར་ནད་དུག་འགོ་བའི་ཉེན་ཁ་མེད་ལ། ཨའོ་པུའུ་ལའེ་ཨེན་གྱིས་འགོ་ཁྲིད་པའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཤུགས་རྐྱེན་ཅི་ཡང་མི་ཐེབས་པ་རེད།

ཨའོ་པུའུ་ལའེ་ཨེན་གྱིས་ན་ནིང་གི་ཟླ་དགུ་པ་ནས་བཟུང་ད་ལྟའི་བར་ལས་འགན་འདི་ཉིད་འཁུར་བ་དང་ད་རག་བར་པྲོག་གསར་ནད་དུག་འགོས་པའི་ཨ་རིའི་སྲིད་གཞུང་གི་དཔོན་རིགས་ཆེས་མཐོ་ཤོས་དེ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། ཨའོ་པུའུ་ལའེ་ཨེན་ཉེ་ཆར་ཐེ་རོན་ཕུ་དང་མཉམ་དུ་བྱེད་སྒོར་ཞུགས་པའི་དུས་ཚོད་ནི་ཟླ་བདུན་པའི་ཚེས་བཅུའི་ཉིན་ཡིན་ལ་ཧྥོ་ལུའོ་ལི་ཏ་མངའ་སྡེ་རུ་ཡོད་པའི་ཨ་རིའི་ལྷོ་ཕྱོགས་དམག་སྤྱི་པུའུ་རུ་འཚམས་འདྲིར་ཕེབས་པ་དེ་རེད།

ཨ་མེ་རི་ཁའི་ཡུའེ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་གཞི་གྲངས་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོའི་བར་ཨ་རིར་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱས་པའི་ནད་པ་ས་ཡ་བཞི་དང་འབུམ་གཉིས་ཁྲི་གསུམ་ལས་བརྒལ་བ་དང་། ཚེ་ལས་འདས་པའི་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་ལས་བརྒལ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།