དབྱར་ཁའི་ཟས་རིགས་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་འགའ།
2020.08.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

དབྱར་ཐོན་པ་ན། ཟ་མའི་ཡི་ག་ཇེ་ཞན་དུ་འགྲོ་ཞིང་ཟས་རིགས་ལས་བསྐྱེད་པའི་ནད་རིགས་སྣ་ཚོགས་ཤིག་འབྱུང་སླ། དེ་བས་གཤམ་དུ་དབྱར་ཁའི་ཟས་རིགས་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་འགའ་ངོ་སྤྲོད་ཅིག་བྱེད།

མཚེར་བའི་ནུས་སྟོབས་མི་བཟང་བའི་མི་ཞིག་ཡིན་ཚེ། དབྱར་ཁའི་བཟའ་བཏུང་གི་ཐད་ནས་ལུས་ཟུངས་གསོ་ཞིང་། མཚེར་བ་དང་ཕོ་བར་ཕན་པའི་སྣུམ་ཞགས་ཉུང་བའི་ཁུ་ཐང་གི་རིགས་དང་ཁ་ལ་ཞིམ་ཞིང་གསར་བ་ཡིན་པ་དང་འཇུ་སླ་བའི་ཟས་རིགས་བསྟེན་ན་བཟང་།  ལུས་ཟུངས་གསོ་ལ་སྣུམ་ཞགས་ཉུང་བའི་ཁུ་ཐང་གི་རིགས་ཞེས་པ་ནི་ཁ་ཚ་བའི་ཟས་རིགས་དང་ཞག་ཚིལ་མང་བའི་ཟས་རིགས་མིན་མོད། ཡིན་ནའང་དམར་ཟས་ཡོད་ཚད་ལ་འཛེམ་དགོས་པའི་ངེས་པ་མེད་དེ། ལུས་ཟུངས་ཞན་པའི་མིས་ཕག་ཤའི་ཤ་གནག་དང་བྱ་གག་གི་ཤ། རི་བོང་གི་ཤ། བྱ་ཤ་དང་བྱ་སྒོང་། རླངས་བཙོས་ཉ་ཤ་སོགས་སྤུས་བཟང་སྤྲི་དཀར་གྱི་རིགས་འདུས་པའི་ཟས་རིགས་བདམས་ཆོག

ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་དང་ལུས་གསོ་བདེ་སྲུང་ཕྱོགས་ཀྱི་ཆེད་མཁས་པ་བཅས་ཚང་མས་བལྟས་ན། དབྱར་ཁའི་ཟས་རིགས་བདེ་འཇགས་ཀྱི་ཐད་ནས་ཚ་བ་སེལ་ཞིང་དུག་འཇོམས་ཐུབ་པའི་ཟས་རིགས་བསྟེན་ན་བཟང་ཟེར།

༡.དེང་རབས་གསོ་རིག་གིས་ཞིབ་འཇུག་བྱས་ནས་ཤེས་བ་ལྟར་ན། ཁུའུ་ཀྭ(苦瓜)ཞེས་པའི་སྔོ་ཚོད་དེའི་ནང་དུ་སྤྲི་དཀར་གྱི་རིགས་འདུས་ཚད་ཅུང་མཐོ་བས་དེས་མིའི་ལུས་སྟེང་གི་རིམས་འགོག་ཕྲ་ཕུང་གིས་འབྲས་ནད་ཕྲ་ཕུང་མེད་པར་གཏོང་བར་ཕན་ནུས་ངེས་ཅན་ཞིག་ཐོན་ཐུབ་ཟེར། ཁུའུ་ཀྭ་ཞེས་པའི་སྔོ་ཚོད་དེའི་ནང་དུ་ད་དུང་གཤེར་མའི་ཕུང་རྩིའི་དངོས་རྫས་ཀྱང་ཡོད་པས། ཁྲག་ནང་གི་མངར་ཆ་ཇེ་དམར་གཏོང་བར་ཡང་ཕན་འབྲས་ཆེན་པོ་ཡོད་ཅིང་། ལུས་གསོ་བདེ་སྲུང་ཕྱོགས་ཀྱི་ཆེད་མཁས་པ་དང་གསོ་རིག་ཕྱོགས་ཀྱི་ཆེད་མཁས་པ་ཚང་མས་དེ་ནི་གཅིན་སྙིའི་ནད་བྱུང་ཡོད་པའི་མི་རྣམས་ཀྱི་བཟའ་བཅའ་ཆེས་ལེགས་པོ་ཞིག་རེད་ཟེར། ཁུའུ་ཀྭ་ཞེས་པའི་སྔོ་ཚོད་དེ་རློན་པར་ཟོས་ཆོག་ལ་ཤའི་ནང་དུ་བརྔོས་ནས་ཟོས་ནའང་ཆོག དེ་བས་ཁུའུ་ཀྭ་ནི་དབྱར་ཁར་འཕྲོད་པའི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་རེད།

༢. སྲན་ལྗང་གི་ངོ་བོ་ནི་བསིལ་བའི་རང་བཞིན་ཅན་ཡིན་པས། དེས་ཚ་བ་སེལ་ཞིང་དུག་འཇོམས་པ་དང་། གཅིན་འབབ་པར་ཕན་ནུས་ངེས་ཅན་ཐོན་ཐུབ་ལ། སྲན་ཕྱེ་ལས་བཟོས་པའི་ཟས་རིགས་ལ་སྐྲངས་ཞི་བ་དང་། ཚ་བ་སེལ་ཞིང་དུག་འཇོམས་པ། སྐོམ་སེལ་བ། དོན་ལྔའི་ནུས་པ་སྙོམས་སྒྲིག་བྱེད་པ། སེམས་ཁམས་བདེ་ལ་འགོད་པ། ལུས་ཟུངས་གསོ་བ། སྐྱི་པགས་ཇེ་འཇམ་དུ་གཏོང་བ་བཅས་ཀྱི་ནུས་པ་ལྡན། དེར་མ་ཟད་སྲན་ཕྱེ་ཡིས་རྨ་གསོ་བ་དང་སྐྲངས་ཞི་བ། འཚིག་རྨས་བྱུང་བར་གསོ་བཅོས་བཅས་བྱེད་ཐུབ།  འོན་ཀྱང་ཚང་མས་མཉམ་འཇོག་བྱ་དགོས་པ་ཞིག་ལ། སྲན་ལྗང་གདུས་ནས་ནུར་དུ་བཅུག་ན། དེའི་ནང་གི་སྐྱེ་ལྡན་སྐྱུར་རྫས་དང་འཚོ་རྒྱུ་བེ་ཧྲིན་སུའུ་ཇེ་ཉུང་དུ་གྱུར་ནས་ཚ་བ་སེལ་ཞིང་དུག་འཇོམས་པའི་ནུས་པ་ཉམས་དུ་འཇུག་སྲིད། གོང་དུ་བཤད་པ་ལྟར་སྲན་ལྗང་གི་ངོ་བོ་བསིལ་བའི་རང་བཞིན་ཅན་ཡིན་པས། མཚེར་བ་དང་ཕོ་བའི་ནུས་པ་ཞན་པའི་མིར་དེ་འདྲ་མི་འཕྲོད་པ་ཡིན།

༣.རྒྱུན་དུ་ཆུ་ཀུབ་ཉུང་ཙམ་རེ་ཟོས་ན་མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། མཁལ་མའི་གཉན་ཚད་བྱུང་བའི་ནད་པར་འཚོ་བཅུད་ཁ་སྣོན་བྱེད་ཐུབ་པས། ཆུ་ཀུབ་ཟོས་ན་མཁལ་མའི་ནད་བྱུང་ཡོད་པའི་ནད་པར་ཆེས་ཕན་པ་རེད།

ཆུ་ཀུབ་ཀྱི་ཤུན་པགས་ལ་ད་དུང་སྤྱི་པགས་ཇེ་ཡག་ཏུ་གཏོང་བའི་ནུས་པ་ལྡན་པས། ཆུ་ཀུབ་ཀྱི་ཤུན་པགས་ངོ་གདོང་ལ་བྱུགས་ནས་དུས་ཚོད་སྐར་མ་ལྔ་ནས་བཅུ་འགོར་རྗེས་ཆུ་གཙང་མས་ངོ་གདོང་གཙང་མར་བཀྲུས་ན་སྐྱི་པགས་ཇེ་འཇམ་དང་ཇེ་ཡག་ཏུ་གཏོང་ཐུབ་པར་མ་ཟད། ངོ་གདོང་གི་གཉེར་མའང་འགོག་ཐུབ།

རྩོམ་སྒྲིག་པ། འབྲུག་མོ།