“མཚོ་སྔོན་གྱི་འོད་སྣང་བྱ་སྤྱོད”སྤེལ་ནས་ལོ་ལྔའི་རིང་མིག་ནད་ཕོག་པའི་ནད་པ་བདུན་སྟོང་ལྔ་བརྒྱ་ལྷག་ལ“འོད་སྣང”སྦྱིན་པ།
2020.08.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ཉེ་ལམ་གསར་འགོད་པས་ཟི་ལིང་ཨེ་འར་མིག་ནད་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྨན་ཁང་དེས་གཙོ་གཉེར་བྱས་པའི“མཚོ་སྔོན་གྱི་འོད་སྣང་བྱ་སྤྱོད”ཀྱི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་མིག་ནད་ཕོག་པའི་ནད་པ་བདུན་སྟོང་ལྔ་བརྒྱ་ལྷག་ལ“འོད་སྣང”སྦྱིན་པ་རེད།

མཚོ་སྔོན་དུ་ས་བབ་མཐོ་ལ་རླུང་དང་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་བཅས་ཀྱི་རྐྱེན་གྱིས། མིག་ནད་སྐྱ་འགྲིབ་ཕོག་ནས་ལོང་བར་འགྱུར་ཚད་ནང་ལོག་ས་ཁུལ་དང་བསྡུར་ན་ཧ་ཅང་མཐོ་བ་དང་།  དེའི་ཁར་ད་དུང་དཔལ་འབྱོར་གོང་འཕེལ་དུ་འགྲོ་ཚད་དལ་བས་ཐག་རིང་ལུང་ཁུག་ཁུལ་གྱི་སྨན་བཅོས་ཆ་རྐྱེན་ཞན་པ་དང་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་རེད།  སྨན་ཁང་དེ་གའི་མིག་ནད་སྔོ་འགྲིབ་ཚན་ཁག་གི་ཀྲུའུ་རེན་ཁྲིན་ཐིན་གྱིས་ངོ་སྤྲོད་བྱས་པར་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ན་ལོ་དྲུག་ཅུའི་ཡན་གྱི་ལོ་ལོན་འབུམ་དྲུག་དང་ཁྲི་དགུ་ལྷག་ཡོད་པའི་ནང་མིག་ནད་སྐྱ་འགྲིབ་ཕོག་ཚད་ཀྱིས་བརྒྱ་ཆའི་དོན་ལྔ་ཟིན་ཡོད། དེ་ལྟར་རྩིས་བརྒྱབ་ན་མཚོ་སྔོན་ཞིང་ཆེན་ན་ཉུང་མཐར་ཡང་མིག་ནད་སྐྱ་འགྲིབ་ཕོག་པའི་ལོ་ལོན་རྒན་པ་འབུམ་ལྔ་དང་ཁྲི་གཉིས་ཙམ་གྱིས་མིག་གི་ན་ཚའི་སྡུག་བསྔལ་མྱོང་བཞིན་ཡོད་པ་དང་། ་དེའི་ནང་ས་ཁུལ་དབུལ་པོའི་ནད་པའི་བརྒྱ་ཆའི་ཞེ་དྲུག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དེར་བརྟེན། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར་སྨན་ཁང་དེ་བཙུགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྒན་པའི་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ལྷན་ཚོགས། དེ་བཞིན་དམངས་ཁྲོད་སྤྱི་ཕན་རྩ་འཛུགས་དགེ་འདུན་ཕུན་ཚོགས་ཐེབས་རྩ་ལྷན་ཚོགས། མཚོ་ལྷོ་ཁུལ་གླིང་དཀར་ཐེབས་རྩ་ལྷན་ཚོགས་སོགས་དང་མཉམ་དུ་སོ་སོར་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ“དགེ་སྒྲུབ་འོད་སྣང་བྱ་སྤྱོད”དང་། མིག་གི་བདེ་ཐང་སྤྱི་ཕན་གྱི་ཤེས་བྱའི་འཆད་ཁྲིད། མིག་ནད་གྲལ་བཤེར་དང་མིག་ནད་རོགས་སྐྱོབ་སྣ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཨེ་འར་ཚོགས་པ་མཚོ་སྔོན་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་དབྱང་ལེན་གྱིས་བཤད་རྒྱུར།  ང་ཚོ་སྨན་ཁང་གིས་ལོ་ལྔའི་རིང་ཚོགས་ཆུང་ལྔ་ཡི་འོས་འགན་སྨན་བཅོས་རུ་ཁག་བཙུགས་ཏེ་མཚོ་སྔོན་གྱི་གྲོང་ཁྱེར་དང་། ཁུལ། རྫོང་། ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་དོན་གཅོད་ཁང་བཅས་སུ་སོང་ནས་མིག་ནད་སྐྱ་འགྲིབ་བྱུང་བའི་ནད་པ་བདུན་སྟོང་ལྔ་བརྒྱ་ལྷག་དང་། མིག་ནད་གཞན་དག་བྱུང་བའི་ནད་པ་ཉིས་སྟོང་བདུན་བརྒྱ་ལྷག་ལ་རོགས་སྐྱོབ་བྱས་པ་མ་ཟད། རྣམ་གྲངས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ས་ཡ་ལྔ་ལྷག་ཟིན་པ་དང་། སྨན་ཁང་གིས་ཁྱོན་བསྡོམས་པས་སྒོར་ས་ཡ་བརྒྱད་ཙམ་ཇེ་ཉུང་དང་མེད་པར་བཏང་ཡོད་ཅེས་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།