དབྱར་ཁར་དྲེག་ནད་འཕར་བར་གཟབ་དགོས།
2020.08.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

དབྱར་ཁར་དྲེག་ནད་འཕར་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་ནི་དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས་མི་རྣམས་ཕུར་ཐུང་གྱོན་ནས་ཕྱི་རོལ་དུ་འདུག་ཡུན་རིང་བའི་རྐྱེན་གྱིས་རེད། དེས་ན་ཅི་ཞིག་ནི་དྲེག་ནད་ཡིན་ཟེར་ན། དྲེག་ནད་ནི་དུས་ཡུན་རིང་བོར་ལུས་སྟེང་གི་རྙིང་ཚབ་གསར་བརྗེའི་ནུས་པ་འཁྲུགས་པ་དང་ཁྲག་གཅིན་སྐྱུར་ཇེ་མཐོར་སོང་བ་ལས་བསླངས་བའི་ནད་ཅིག་ཡིན། དེ་ནི་གཅིན་སྐྱུར་ཚྭ་རུས་ཚིགས་དང་པགས་འོག མཁལ་མ་སོགས་ཀྱི་གནས་སུ་བསགས་ནས་མྱུར་བ་དང་དལ་བའི་རང་བཞིན་གྱི་གཉན་ཚད་བསླངས་བ་དང་། བརྗེ་ཚབ་འཁྲུགས་པ་དང་གཅིན་སྐྱུར་ཕྱིར་ཕུད་ཚད་ཇེ་ཉུང་དུ་སོང་བ་སོགས་ལས་བཟོས་པའི་གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་འབྲེལ་བ་དམ་པོ་ཡོད་པ་རེད། གལ་ཏེ་གཅིན་སྐྱུར་མཐོ་བའི་ཁྲག་ནད་དམ་དྲེག་ནད་ཡང་ཡང་འཕར་ཚེ། སྨན་ཁང་ཆེ་སར་སོང་ནས་ཚད་ལྡན་སྒོས་སྨན་བཅོས་བྱེད་དགོས་པར་མ་ཟད། དུས་བཅད་ལྟར་ཞིབ་བཤེར་བྱས་ཏེ། དྲེག་ནད་ཀྱིས་སྙིང་དང་ཀླད་པའི་ཁྲག་རྩར་གནོད་པ་མང་དུ་གཏོང་བར་སྔོན་འགོག་བྱེད་དགོས། དྲེག་ནད་སློང་བར་རྒྱུ་རྐྱེན་མང་སྟེ། བཟའ་བཏུང་དང་ཁོར་ཡུག་ལས་གཞན། ད་རུང་འཚོ་བའི་གོམས་སྲོལ་དང་གཞན་པའི་ནད་རིགས་སོགས་ཡིན།

ལོ་ཚོད་ཀྱང་དྲེག་ནད་འཕར་བ་དང་ཇེ་སྡུག་ཏུ་འགྲོ་བར་འབྲེལ་བ་དམ་པོ་ཡོད། དྲེག་ནད་དེ་ལོ་བཞི་བཅུ་ཡན་གྱི་དར་མ་དང་རྒན་པར་འབྱུང་ཚད་མཐོ་ཞིང་། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་འབྱུང་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། ཡིན་ནའང་། ཉེ་བའི་ལོ་འདི་འགར། གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་དྲེག་ནད་དེ་ན་གཞོན་རྣམས་ལ་འབྱུང་ཚད་ཆེས་མཐོ་བ་རེད། སྐྱེས་པར་དྲེག་ནད་འབྱུང་ཚད་སྐྱེས་མ་ལས་མཐོ་ཞིང་། རྒྱུ་མཚན་ནི་སྐྱེས་པ་རྣམས་ཀྱིས་ཆང་མང་དུ་འཐུང་བས་རེད།

རྒྱུན་པར་ཆང་འཐུང་བ་དང་དུ་བ་འཐེན་པའི་མི་ལ་དྲེག་ཚད་འབྱུང་ཚད་མཐོ་བར་མ་ཟད། ད་རུང་ཐང་ཆད་པ་དང་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་བ། བཟའ་བཏུང་བསྟེན་ཚུལ་མི་ལེགས་པ་བཅས་ཀྱིས་དྲེག་ནད་སློང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད། དེ་ལས་ཀྱང་བཟའ་བཏུང་བསྟེན་ཚུལ་མི་ལེགས་པ་དེས་ལུས་སྟེང་གི་ཤན་གླིང་རྒྱུའི་ཟགས་ཐོན་འཁྲུགས་པར་བྱས་ཏེ། མཆིན་པའི་བརྗེ་ཚབ་ནུས་པ་ཇེ་ཞན་དུ་བཏང་ནས། གཅིན་སྐྱུར་མཐོ་བའི་ཁྲག་ནད་འབྱུང་དུ་འཇུག་སྲིད།

དྲེག་ནད་མི་འཕར་བའི་ཆེད་དུ། དབྱར་ཁར་གཤམ་གྱི་དོན་ཚན་འགའ་ལ་མཉམ་འཇོག་དགོས་སྟེ། གཅིག ཤ་བསྲེགས་མ་ཟ་སྐབས་སྔོ་ཚོད་དང་སིང་ཕྱེ་རིགས་ཀྱི་ཟས་རིགས་དང་སྡེབ་ནས་ཟ་དགོས།

གཉིས། ཤ་ཡི་ནང་དུ་བྲོ་རྫས་དང་ཚྭ་ཉུང་ཉུང་འདེབས་པ་དང་ལྷག་པར་དུ་ཡ་ཞོ་ཨན་ཟེར་བའི་རྫས་དེ་ཟ་མི་རུང་།

གསུམ། ཤ་བསྲེགས་མ་མང་པོ་མི་ཟ་བ།

བཞི། ཝུ་ཆང་འཐུང་སྐབས་ཤ་བསྲེགས་མ་མི་ཟ་བ།

ལྔ། དགུང་མོར་ཤ་བསྲེགས་མ་ཟོས་རྗེས། འགུལ་སྐྱོད་འོས་འཚམ་བྱས་ནས་ཉལ་དགོས།

ཕོ་བའི་གཉན་ཚད་དང་ཕོ་བ་རྨུག་པོ་སོགས་བྱུང་ཡོད་པའི་ནད་པ་དང་། ཁྲག་ཤེད་དང་ཁྲག་མངར། ཁྲག་ཚིལ་བཅས་མཐོ་བའི་ནད་པ། ད་རུང་གཅིན་སྐྱུར་ཚོད་འཛིན་བྱས་པ་མི་ལེགས་པ་དང་། དྲེག་ནད་འབྱུང་བར་ཉེན་ཁ་ཆེ་བའི་མི་བཅས་ཀྱིས་དབྱར་ཁར་འགྲོ་འདུག་ཉལ་འཆག་གི་གོ་རིམ་མི་འཆོལ་བ་བཅས་བྱེད་དགོས།

ལོ་ཙཱ་བ། འབྲུག་མོ།