རྒྱལ་ཁབ་སོ་སོས་ནུས་ཤུགས་ཡོད་རྒུས་པྲོག་གསར་གློ་ཚད་ཀྱིས་ས་གནས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས་པ་བསྟན།
2020.08.12 ཁུངས། མི་དམངས་དྲ་བ། ཀློག་གྲངས། 10

ཟླ་བརྒྱད་པའི་ཚེས་དགུའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཧྲིལ་བོའི་མི་དམངས་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་དྲུག་གི་འཚོ་བར་ཤུགས་རྐྱེན་བཟོས་ཡོད། རྒྱལ་ཁབ་སོ་སོས་ཐོན་ཁུངས་སྣ་ཚོགས་སྙོམས་སྒྲིག་བྱས་ཏེ།  པྲོག་གསར་གློ་ཚད་རིམས་ནད་ཀྱིས་ས་གནས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས་པ་བསྟན།

ལོ་རེའི་ཟླ་བརྒྱད་པའི་ཚེས་དགུའི་ཉིན་ནི་འཛམ་གླིང་ས་གནས་མང་ཚོགས་ཀྱི་རྒྱལ་སྤྱིའི་ཉིན་མོ་རེད། ཀུའུ་ཐེ་ལེ་སིས་ཉིན་དེར་བརྙན་རིས་བརྒྱུད་ནས་བསྟན་དོན། ཕྱོགས་བསྡུས་གནས་ཚུལ་ལ་བལྟས་ན། ས་གནས་གཞན་ནས་འགོས་པའི་རིམས་ནད་ཀྱིས་རིམས་འགོག་ནུས་པ་ཞན་པའི་ས་གནས་མང་ཚོགས་མང་པོ་ཚེ་ལས་འདས་པ་དང་། རྒྱལ་ཁབ་ཁག་གིས་ཐོན་ཁུངས་སྙོམས་སྒྲིག་བྱས་ནས། ས་གནས་མང་ཚོགས་ཀྱི་དགོས་མཁོ་བསྐངས་ནས་ཁོ་ཚོའི་དབང་ཆར་བརྩི་སྲུང་བྱེད་དགོས།

ཀུའུ་ཐེ་ལེ་སི་ཡིས་བཤད་རྒྱུར། པྲོག་གསར་རིམས་ནད་མ་བྱུང་གོང་། ས་གནས་མང་ཚོགས་ཀྱི་ཁེ་དབང་རྩ་བ་ཉིད་ནས་འདྲ་མཉམ་མིན་པ་དང་། མིང་ངན་འདོགས་པ་དང་མཐོང་ཆུང་བྱེད་བཞིན་ཡོད། རིམས་ནད་བྱུང་རྗེས། ཚད་ཡོད་ཀྱི་སྨན་བཅོས་བདེ་སྲུང་དང་། འཐུང་ཆུ་གཙང་མ། འཕྲོད་བསྟེན་སྒྲིག་ཆས་ཆ་རྐྱེན་བཅས་གྱིས་ཁོ་ཚོའི་ཉམས་ང་བའི་ཁོར་ཡུག་ཇེ་སྡུག་ཏུ་བཏང་ཟེར།

ཀུའུ་ཐེ་ལེ་སི་ཡིས་བསྟན་དོན། ས་གནས་མང་ཚོགས་ཀྱིས་སྲོལ་རྒྱུན་ལས་རིགས་དང་རང་ཁ་རང་གསོ་ཡི་དཔལ་འབྱོར་བྱེད་སྒོ་གཉེར་བ་དང་། ཡང་ན་ཚད་ལྡན་མིན་པའི་སྡེ་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་པས་ཁོ་ཚོར་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད། གཞན་ཡང་། རིམས་ནད་བྱུང་ཡུན་རིང་ལ་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་བསྟར་ནན་མོ་མིན་པས། ཁྲིམས་འགལ་ངང་གཏེར་བསློག་པ་དང་ཤིང་གཅོད་པ་སོགས་ཀྱི་བྱེད་སྒོ་ཡིས་ས་དེའི་མང་ཚོགས་རྣམས་དྲག་ཤུགས་ཀྱིས་གནོད་པ་ཐེབས་མཁན་དུ་གྱུར་བ་དང་། དེའི་ཁྲོད་དུ་མི་མང་པོའི་ཚེ་སྲོག་ཀྱང་ཤོར་ཡོད།

ཀུའུ་ཐེ་ལེ་སི་ཡིས་བཤད་རྒྱུར། ས་གནས་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཆེད། པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བ་དང་སླར་གསོའི་འཐབ་ཇུས་ལ་ས་གནས་མང་ཚོགས་རྣམས་ཚུད་པར་འགན་སྲུང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ《མཉམ་འབྲེལ་རྒྱལ་ཚོགས་ས་གནས་མང་ཚོགས་ཀྱི་ཁེ་དབང་བསྒྲགས་ཡིག》མངོན་འགྱུར་ལ་ཤུགས་སྣོན་བྱེད་པ་དང་། ས་གནས་མང་ཚོགས་ཀྱི་སླར་གསོ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཟླ་བརྒྱད་པའི་ཚེས་དགུའི་ཉིན་ནི་འཛམ་གླིང་ས་གནས་མང་ཚོགས་ཀྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས། ད་ལོའི་བརྗོད་གཞི་ནི་“པྲོག་གསར་གློ་ཚད་རིམས་ནད་དང་ས་གནས་མང་ཚོགས་ཀྱི་སླར་གསོ་བྱེད་ཤུགས”རེད།

རྩོམ་སྒྲིག་པ། འབྲུག་མོ།