རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་དུང་ཕྱུར་དགུ་ལྷག་བཏང་ནས་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལས་གཞི་ང་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
2020.08.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

སྤྱི་པའི་འཕྲོད་བསྟེན་ཞན་ཆ་ཁ་གསབ་དང་མི་འདང་ས་ཇེ་ལེགས་སུ་གཏོང་བའི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་སྟེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་སྒོས་བརྩོན་ལེན་བྱས་འོག ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བརྒྱད་ས་ཡ་གཉིས་བཏང་ནས། རིམས་ནད་འགོག་སྲུང་མྱུར་སྐྱོབ་དགོས་མཁོ་སྐོང་བ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་ཁ་གསབ་བྱེད་པ་གཙོ་ཡིན་པའི་རང་ཞིང་གི་ཞིང་ཆེན་རིམ་པའི་རིམ་འགོག་མྱུར་སྐྱོབ་རྟེན་གཞི་དང་རྫོང་རིམ་པའི་སྨན་ཁང་གི་མྱུར་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་རིགས་དྲུག་གི་ལས་གཞི་ང་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། གཅིག་གྱུར་སྒོས་འཆར་འགོད་དང་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཤིང་། རྒྱུན་མཐུད་སྒོས་རང་ཞིང་གི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་ལྷག་བརྩོན་ལེན་བྱས་ནས། འཕྲོད་བསྟེན་ལས་གཞི་ཉིས་བརྒྱ་དང་གཉིས་ལག་བསྟར་བྱས་པ་དང་། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་པར་མ་ཟད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ཞིང་རང་ཞིང་གིས་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་བཏང་བ་དང་། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་འདེགས་ཤུགས་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། འབྲུག་མོ།